ཆོས་སྦྱིན་ཚོགས་ཆུང་ཞིག་གསར་འཛུགས།
དེ་ཡང་གོང་ཚེས་ལྟར་རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན་ཉིན་ཚོགས་པ་དེ་དང་ས་གནས་ཞབས་རིམ་གོ་སྒྲིག་ཚོགས་པ་གཉིས་མཉམ་འབྲེལ་གྱི་གོ་སྒྲིག་འོག ཀོ་ལེ་གྷལ་མི་དམངས་ཚོགས་ཁང་ནང་དུ་མི་མང་བརྒྱ་ཕྲག་ཁ་ཤས་འདུ་འཛོམ་བྱུང་ཡོད་པ་དང་། ཚོགས་པ་དབུ་འཛུགས་སྐབས་ས་གནས་ཞབས་རིམ་འགན་འཛིན་བཀྲ་ཤིས་ལགས་ཀྱིས་ཐོག་མའི་ལས་རིམ་དབུ་འཛུགས་གསལ་བཤད་གནང་རྗེས། ས་གནས་གཞིས་འགོས་ནང་ཆོས་འདི་སྤྱི་ཚོགས་ཀྱི་གྲུབ་ཆ་ཆེ་ཤོས་ཤིག་ཡིན་ཚུལ་དང། མི་རིགས་ཀྱི་སྲོག་རྩ་ནི་ཆོས་དང་རིག་གཞུང་ཡིན་ཚུལ་དང་། ཚོགས་པ་འདིའི་དམིགས་ཡུལ་བཟང་པོ་བཟུང་ཡོད་པར་རྒྱབ་སྐྱོར་གནང་དགོས་ལུགས་སོགས་ཀྱིས་གསུང་བཤད་གནང་སོང་།
ཚོགས་པའི་འགན་འཛིན་རྫོགས་ཆེན་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་གིས་ཚོགས་པ་འདི་འཛུགས་དགོས་པའི་དམིགས་ཡུལ་ནི་༧སྐྱབས་མགོན་རྒྱལ་བའི་དབང་པོ་དང་རང་གཞུང་ཆོས་རིགས་ལས་ཁུངས་སོགས་ཀྱི་དགོངས་གཞི་དང་རང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་སོགས་ལ་བདག་པོ་རྒྱག་ཐུབ་པའི་ཆེད་དུ་ཡིན་ཚུལ་སོགས་ཀྱི་ངོ་སྤྲོད་གནང་འདུག
ནང་ཆོས་ངོ་སྤྲོད་དོན་ཚན་ལྔའི་ནང་དུ་བསྡུས་ནས་ནང་ཆོས་ངོ་སྤྲོད་བྱེད་དོན། ༡ ནང་ཆོས་ཀྱི་བྱུང་རིམ་དང་། ཆོས་ཟེར་བ་དེ་གང་ལ་ངོས་འཛིན་དགོས་ཚུལ། ༢ ཆོས་སྒྲུབ་ན་ཕན་ཐོགས་ག་རེ་ཡོད་མེད། ༣ ཆོས་སྒྲུབ་པའི་ཐབས་ལམ་སྐྱབས་འགྲོ་ནས་དབུ་འཛུགས་ཀྱིས་དམ་པ་གསུམ་གྱིས་ཟིན་པའི་དགེ་རྩ་སྒྲུབ་ལུགས།
༤ ས་དགེ་སོགས་གྲུབ་མཐའ་སུ་ལ་ཡང་དག་སྣང་བྱེད་དགོས་ལུགས། ༥ ཆོས་དང་འབྲེལ་བའི་རང་རེའི་ཡ་རབས་སྤྱོད་བཟང་། རྒན་བཀུར་གཞོན་སྐྱོང་སོགས་ཇི་ལྟར་བདག་པོ་རྒྱག་དགོས་པ་དང་ཁྱད་པར་སྐད་དང་ཡི་གེ་ལ་བདག་པོ་མ་བརྒྱབ་ན་རང་མི་རིགས་ཚང་མ་མཉམ་གཅིག་ཏུ་ཤི་བ་ལས་གྱོང་གུད་ཆེ་ཚུལ་སོགས་ནང་ཆོས་ངོ་སྤྲོད་དང་ཉིན་རེའི་འཚོ་བའི་གནས་སྟངས་ལ་སློབ་གསོ་དུས་ཚོད་གཉིས་རིང་བྱས་པ་དང་ཁྱད་པར་མགོན་པོ་འོད་དཔག་ཀྱི་མཚན་གཟུང་དགེ་སྐུལ་འབུམ་སུམ་བཅུ་ལྷག་ཅིག་ཀྱང་མི་མང་ནང་དུ་དགེ་བསྐུལ་གྲུབ་རྗེས་ཚོགས་པ་དབུ་འཛུགས་ཀྱི་མཛད་སྒོ་དེ་མཇུག་གྲོལ་འདུག