སྤྱི་འཐུས་ངག་དབང་ལྷ་མོ་ལ་སྤྱི་ཚོགས་ཞབས་ཞུའི་གཟེངས་རྟགས།

 

དེ་ཡང་རེས་གཟའ་ཉི་མའི་ཉིན་SANKALP རིག་གཞུང་དང་སྤྱི་ཚོགས་ཞབས་ཞུ་ཚོགས་པ་དེ་དབུ་བརྙེས་ནས་ལོ་༡༨ འཁོར་བའི་དུས་དྲན་གྱི་མཛད་སྒོ་ཞིག་དྷ་སར་འཚོགས་ཡོད་པ་དང་། སྐབས་དེར་སྐུ་མགྲོན་གཙོ་བོ་ཧི་མ་ཅལ་མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་གྱིས་བྱ་དགའ་དེ་ཚོགས་པའི་མིང་ཐོག་ནས་གནང་ཡོད་པ་རེད།

ཚོགས་པ་དེས་འགྲེལ་བརྗོད་གནང་དོན། ངག་དབང་ལྷ་མོ་ལགས་ནི་ད་ལྟ་དྷ་ས་ས་གནས་སུ་ཡོད་པའི་སྙིང་སྟོབས་གླིང་དབང་པོ་སྐྱོན་ཅན་གཅེས་སྐྱོང་སྦྱོར་བརྡར་ཁང་གི་གསར་འཛུགས་གནང་མཁན་ཡིན་པ་དང་། ད་ལྟའི་ཆར་མུ་མཐུད་འགན་འཛིན་གྱི་ཕྱག་ལས་གནང་བཞིན་ཡོད་པ་མ་ཟད། ཁོང་གིས་ས་གནས་རྒྱ་གར་དང་བོད་པའི་སྤྱི་ཚོགས་གཉིས་ཀར་ནད་པར་བརྟག་དཔྱད་ཀྱི་མཐུན་འགྱུར་ཐེངས་མང་བྱས་པ་དང། དེ་མིན་སྤྱི་ཚོགས་ཞབས་ཞུའི་འགན་ཁུར་གྱི་སྣེ་ཁྲིད་བྱས་པ་ལ་སོགས་ལ་གཞུང་སྒེར་མང་པོས་ཆེ་མཐོང་གི་བྱ་དགའ་སྤྲད་ཡོད་པས། འདི་ལོའི་སྤྱི་ཚོགས་ཞབས་ཞུའི་གཟེངས་རྟགས་དེ་ཁོང་ལ་སྤྲད་པ་ཡིན་སྐོར་འགྲེལ་བརྗོད་བྱས་སོང་། གསར་འགོད་པས་དབུས་གཙང་སྤྱི་འཐུས་ངག་དབང་ལྷ་མོ་ལགས་སུ་ཁྱེད་ལ་སྤྱི་ཚོགས་ཞབས་ཞུའི་གཟེངས་རྟགས་དེ་ཐོབ་པ་ལ་བརྟེན་ནས་མ་འོངས་པར་མུ་མཐུད་སྤྱི་ཚོགས་ཞབས་ཞུའི་ལས་དོན་ག་རེ་བསྒྲུབ་འཆར་ཡོད་མེད་དྲིས་པར། ཁོང་གིས་ང་དུས་རྒྱུན་སྤྱི་ཚོགས་ཞབས་ཞུ་སྒྲུབ་མཁན་ཞིག་ཡིན་པའི་ནས་སྤྱི་ཚོགས་ནང་དོ་སྣང་ཆེན་པོ་ཡོད་པ་དང་། བསྒྲུབ་དགོས་པ་དང་། སྒྲུབ་ཐུབ་པ་མང་པོ་ཡོད་པའི་ནང་ནས་གང་མགྱོགས་བསྒྲུབ་འཆར་ཡོད་པ་ཞིག་ནི། ས་གནས་ཐག་རིང་པོ་ནས་དྷ་སར་སྨན་བཅོས་བྱེད་དུ་ཡོང་མཁན་སྡོད་གནས་ཀྱི་དཀའ་ངལ་ཡོད་པ་གང་མང་ཞིག་ཡོང་གི་ཡོད་པ་དག་ལ་སྡོད་གནས་ཀྱི་མཐུན་འགྱུར་ཞིག་སྦྱར་ཐུབ་ན་བསམ་ཡོད། ཅེས་གསུངས་སོང་།

གཞན་ཡང་ཁོང་ལ་སྤྱི་ཚོགས་ཞབས་ཞུ་དང་འབྲེལ་བའི་ལས་དོན་གྱི་ཐོག་ནས་གཟེངས་རྟགས་ཐོབ་པ་དཔེར་ན་རྒྱལ་སྤྱིའི་ (World Women Guild)  ནས་ ༢༠༠༢ ཟས་བཅུད་ཀྱི་བྱ་དགའ།  ༢༠༠༣ རོ་ཊི་རི་ཀ་ལབ། ༢༠༠༤ ས་ཁུལ་སང་ཀ་ལབ། ༢༠༠༥ སྟོད་པའི་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་ནས་སྙིང་སྟོབས་གཟེངས་རྟགས་བཅས་ཀྱང་ཐོབ་མྱོང་ཡོད་པ་རེད།།