སྐད་ཡིག་རྩ་མེད་གཏོང་བའི་སྲིད་ཇུས་དེར་ངོ་རྒོལ་ཡོད།

ཟླ་འདིའི་ཚེས་༡ ཉིན་དགོང་མོ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་གོ་སྒྲིག་འོག བོད་ནང་གི་སློབ་མའི་ལས་འགུལ་ལ་རྒྱབ་སྐྱོར་མཚོན་ཆེད་དུ་དྷ་སར་མར་མེའི་ཁྲོམ་སྐོར་ཞིག་བྱས་ཡོད་པ་དང། དེར་གསོག་སྒར་སློབ་མ་གཙོས། དྷ་སའི་སེར་སྐྱ་མི་མང་མཉམ་ཞུགས་བྱས་འདུག ཁྲོམ་སྐོར་ཚར་རྗེས། བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ། དགུ་བཅུ་གསུམ་ཚོགས་པའི་ཚོགས་གཞོན་ཀླུ་མཁར་བྱམས། རྩོམ་པ་པོ་བདེ་ཆེན་སྤེན་པ། བཀྲས་མཐོང་ལྷ་སྒྲོན་བཅས་ཀྱིས་མི་མང་ལ་གཏམ་བཤད་བྱས་ཡོད་པ་རེད།

candel_1_november_dhasa_tendorབསྟན་འཛིན་རྡོ་རྗེས་གསུང་དོན། “རྒྱ་ནག་གཞུང་གིས་བཀག་སྡོམ་བྱས་པ་ལ་བརྟེན་ནས། ད་ལྟའི་ཆར་བོད་ནང་གི་གནས་སྟངས་གསལ་པོ་ཤེས་རྒྱུ་ཁག་པོ་ཆགས་བསྡད་ཡོད་རེད། གནས་ཚུལ་དེ་གལ་ཆེན་པོ་ཡིན་པ་ཤེས་དགོས་པ་གལ་ཆེན་པོ་རེད། ད་ལྟའི་ཆར་གནས་ཚུལ་དེ་ཏོག་ཙམ་འགག་པ་ཡིན་ཡང་། དོན་གྱིས་བསམ་བློ་བཏང་བ་ཡིིན་ན། གནས་ཚུལ་ཆེན་པོ་ཞིག་འགོ་བཙུགས་པ་རེད་བསམ་གྱི་འདུག གནས་ཚུལ་དེ་འགག་འགྲོ་བ་ཞིག་རྩ་བ་ཉིད་ནས་རེད་མི་འདུག གནས་ཚུལ་ཆེན་པོ་ཞིག་གཞི་ནས་འགོ་བཙུགས་ནས་མེ་ནང་བཞིན་ཚ་རུ་འགྲོ་བཞིན་འདུག  བོད་ཀྱི་ས་ཁྱོན་ནང་དུ་སློབ་ཕྲུག་སྟོང་ཕྲག་མང་པོ་མཉམ་དུ་འཛོམས་ནས་ཞི་བའི་ལས་འགུལ་སྤེལ་ཐུབ་པ་དེ་༢༠༠༨ ཀྱི་རྗེས་སུ་ཐེངས་དང་པོ་དེ་རེད། མི་འབོར་གྱི་ཕྱོགས་ནས་བལྟས་ན་དམིགས་བསལ་གྱི་གནས་ཚུལ་ཞིག་རེད་འདུག་”ཅེས་དང་།

candel_1_november_dhasa1“བོད་ནང་དུ་གནས་ཚུལ་འདི་འདྲ་ཞིག་བྱུང་དུས་རྒྱལ་སྤྱིའི་ནང་དུ་ཡོད་པའི་བོད་པ་ཚོས་རྒྱབ་སྐྱོར་ཡོད་པ་བཤད་མི་དགོས་པར། དམིགས་བསལ་གྱིས་ཤར་ཏུར་ཀི་སི་ཐན་གྱི་ཡུ་གུར་མི་རིགས་ཀྱིས་ཧ་ལས་པའི་རྒྱབ་སྐྱོར་གྱི་རྣམ་པ་བསྟན་པ་ཐེངས་དང་པོ་རེད། དེ་དག་ལ་ང་ཚོ་དགའ་ཚོར་སྐྱེ་དགོས་པ་ཞིག་རེད། ཁ་ཤས་སེམས་ཁྲལ་བྱེད་མཁན་དེ་འདྲ་འདུག བོད་ནང་དུ་དེ་འདྲའི་གནས་སྟངས་ཡོང་བའི་སྐབས་སུ་ང་ཚོས་འདི་ནས་ལམ་སང་སྐད་འབོད་བྱས་པ་ཡིན་ན། ཉེན་ཁ་ཆེན་པོ་རེད་འདུག་ཅེས་བཤད་ཀྱི་འདུག ཏན་ཏན་རེད། ཉེན་ཁ་ཆེན་པོ་རེད། ཆབ་སྲིད་ལ་འགྱུར་བའི་ཉེན་ཁ་ཆགས་ཀྱི་མི་འདུག་གམ་ཞེས་བཤད་ཀྱི་འདུག ཆབ་སྲིད་ལ་འགྱུར་མ་འགྱུར་དེ་ཁོ་རང་ཚོས་ཤེས་ཀྱི་ཡོད་རེད་ལ། བསམ་བློ་བཏང་ཚར་བ་རེད། ཆབ་སྲིད་རེད་བརྗོད་ན་ཡང་རྒྱ་ནག་གི་འདོད་པ་རེད། ཆབ་སྲིད་མ་རེད་བརྗོད་ནའང་རྒྱ་ནག་གི་འདོད་པ་རེད། རྒྱ་ནག་གིས་འདོད་པ་གང་ཡོད་བྱེད་སའི་ལམ་ལ་སླེབས་ཚར་དུས། ང་ཚོས་འུ་ཐུག་ནས་ལས་འགུལ་སྤེལ་གྱི་ཡོད་དུས་ཧ་ཅང་བསྔགས་བརྗོད་བྱེད་འོས་པ་ཞིག་རེད་འདུག་”ཅེས་དང་།

“སྐད་ཞེས་པ་དེ་རླུང་ལྟ་བུ་ཞིག་རེད། དངོས་གནས་ཡིན་ན་ཁྱད་པར་ཞིག་ཡོད་མ་རེད། འོན་ཀྱང་བོད་པ་ཚོར་བོད་ཡིག་ལམ་ནས་སློབ་ཚན་སྦྱོང་མི་འཇུག་པར་རྒྱ་ཡིག་ལ་ཚུར་བསྒྱུར་དགོས་པའི་རྒྱུ་མཚན་ག་རེ་རེད་འདུག དེ་ཞིབ་འཇུག་བྱེད་རྒྱུ་དཔེ་མི་སྲིད་པའི་གནད་འགག་རེད་བསམ་གྱི་འདུག རིག་གཞུང་གི་སྲོག་རྩ་དེ་སྐད་ལ་ཐུག་གི་ཡོད་པ་དེ་བོད་པས་ཤེས་ཀྱི་ཡོད་རེད་ལ། རྒྱ་མིས་ཤེས་ཀྱི་ཡོད་རེད། དེར་བརྟེན་སྐད་དེ་མེད་པ་བཟོ་ཐུབ་ན་རིག་གཞུང་དེ་འཕྲོ་བརླག་གཏོང་ཐུབ་ཀྱི་རེད། རིག་གཞུང་དེ་འཕྲོ་བརླག་བཏང་ན། མི་རིགས་ཀྱི་ཞེན་ཁོག མི་རིགས་ཀྱི་བསམ་བློ། མི་རིགས་ཀྱི་ལ་རྒྱ་དེ་རྩ་མེད་གཏོང་ཐུབ་ཀྱི་རེད་བསམ་པ་རེད། མཐའ་མའི་དམིགས་ཡུལ་ཐུག་ས་དེ་གང་དུ་རེད་ཟེར་ན། བོད་ནང་གི་རྒྱལ་ཁབ་ཀྱི་འཐབ་རྩོད་དེ་མེད་པ་བཟོ་བའི་ཆེད་དུ་རིག་གཞུང་དང་སྐད་རྩ་མེད་བཏང་རྒྱུ་དེ་ཁོ་ཚོའི་འཆར་གཞིའི་ནང་དུ་ཡོད་པ་ཞིག་རེད་”ཅེས་དང་།

“སྐད་རིགས་ཉར་ཚགས་བྱེད་པའི་ཆེད་དུ་བོད་ནང་དུ་རྒན་གཞོན་མེད་པས་ཧུར་ཐག་བྱེད་ཀྱི་འདུག ཁོང་ཚོས་རྒྱལ་སྤྱིའི་ཐོག་ཏུ་དྲིལ་བསྒྲགས་བྱེད་རྒྱུ་སྲིད་པའི་གལ་ཆེན་པོ་རེད། རྒྱལ་སྤྱིའི་གཞུང་ཁག་གིས་རྒྱབ་སྐྱོར་འཚོལ་རྒྱུ་དེ་ང་ཚོའི་ལས་ཀ་གཉིས་པ་རེད། དེ་དག་མུ་མཐུད་ནས་འགྲོ་དགོས་པ་རེད། དེ་ལས་ལྷག་པའི་ལས་འགུལ་དེ་ང་ཚོས་མི་རེ་ངོ་རེས་དུས་རྒྱུན་འཚོ་བའི་ནང་དུ་མ་མཐའ་ཡང་གཟའ་ལྷག་པ་ལྟ་བུར་བོད་ཡིག་ཚགས་པར་ཀློག་པ་ལྟ་བུ། དྲ་རྒྱ་ལྟ་བུར་ཆ་བཞག་ན་ཚང་མས་དྲ་རྒྱ་བེད་སྤྱོད་གཏོང་གི་ཡོད་རེད། སྔོན་མ་ཡིན་ན་དྲ་རྒྱའི་ནང་དུ་བོད་ཡིག་ཀློག་རྒྱུ་ཁག་པོ་རེད། དེང་སང་ཡོངས་གྲགས་ཀྱིས་བོད་ཡིག་ཀློག་ཐུབ་པ་ཡིན་དུས་སྒེར་གྱི་བོད་ཡིག་གནས་ཚད་ཡར་རྒྱས་འགྲོ་བ་ཙམ་མིན་པར་མི་རིགས་ལ་ཧ་ལས་པའི་ཞབས་འདེགས་ཆེན་པོ་ཞིག་ཞུ་ཐུབ་པའི་རེ་བ་དང་འབོད་སྐུལ་ཞུ་ཡི་ཡོད་”ཅེས་སོགས་གཏམ་བཤད་བྱས་སོང་།

candel_1_november_dhasa_dechenབདེ་ཆེན་སྤེན་པ་ལགས་ཀྱིས་གསུང་དོན། “རྒྱ་ནག་ཏུ་སློབ་སྦྱོང་བྱེད་མཁན་གྱི་སློབ་མ་ཚོར་ཆ་བཞག་ན། རྒྱ་ནག་གཞུང་གི་ངོས་ནས་བོད་དང་ས་ཐག་རིང་པོར་བཞག་ནས་རྒྱ་མིར་འགྱུར་བའི་ཐབས་ཤེས་བྱེད་ཀྱི་ཡོད་རེད་དེ། ཁོ་ཚོ་རྒྱ་ནག་ཏུ་སླེབས་དུས་བོད་པ་ཡིན་བསམ་པའི་དམིགས་བསལ་གྱི་ཚོར་བ་ཞིག་སླེབས་ཀྱི་འདུག ཚང་མ་༢༠༠༨ ཀྱི་རྗེས་སུ་བསམ་བློ་གསར་པ་ཞིག་སླེབས་ནས་བོད་ཡིག་སྦྱོང་གི་ཡོད་རེད། སྔོན་མ་དྲ་རྒྱ་རྒྱ་ཡིག་ནང་འབྲི་ཡི་ཡོད་ན། བོད་ཡིག་ནང་དུ་འབྲི་བའི་ཐབས་ཤེས་བྱེད་ཀྱི་ཡོད་པ་རེད། དོ་སྣང་གསར་པ་དེ་འདྲ་ཞིག་སླེབས་དུས་ཚང་མར་སྤོབས་པ་གསར་པ་ཞིག་སྐྱེས་པ་རེད། བོད་ཡིག་ནང་དུ་འབྲི་བའི་སྤོབས་པ་གསར་པ་ཞིག་སླེབས་པ་རེད། གཞས་ཡིན་ཡང་བོད་གཞས་གཏོང་བ་དང་། བོད་སྐད་གཙང་མ་རྒྱག་ལ་སོགས་པ་དོ་སྣང་གསར་པ་དང་། སྤོབས་པ་གསར་པ་དེ་ཧ་ཅང་གལ་ཆེན་པོ་རེད་”ཅེས་སོགས་གཏམ་བཤད་བྱས་ཡོད་པ་རེད།

candel_1_november_dhasa_lukharཀླུ་མཁར་བྱམས་ཀྱིས་གསུང་དོན། “དེ་རིང་ང་ཚོས་བོད་ནང་དུ་སློབ་མ་ཚོར་གདུང་སེམས་མཉམ་བསྐྱེད་བྱས་པ་ཙམ་གྱིས་མ་ཚད། རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད། རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་དང་ཆོས་དང་རིག་གཞུང་རྩ་མེད་གཏོང་གི་ཡིན་ཟེར་དུས། དེ་ལ་ངོ་རྒོལ་བྱེད་རྒྱུ་གཅིག་པུ་མ་རེད། རྩ་བའི་ཆ་ནས་རྒྱ་ནག་གཞུང་གི་བོད་ནང་ཡར་རྒྱས་གཏོང་གི་ཡོད་ནའང་ང་ཚོས་ངོ་རྒོལ་བྱེད་དགོས་པ་རེད། རྒྱ་ནག་གཞུང་ལ་བོད་པར་སྡུག་པོ་གཏོང་རྒྱུའི་ཐོབ་ཐང་མེད་པ་མ་ཟད། ཡར་རྒྱས་གཏོང་རྒྱུའི་ཐོབ་ཐང་ཡང་ཡོད་པ་མ་རེད། ང་ཚོས་ཤེས་དགོས་པ་གཅིག་དེ་རེད། ད་ལྟའི་ཆར་བོད་ནང་ལས་འགུལ་ག་རེ་བྱུང་ནའང། བཙན་བྱོལ་སྤྱི་ཚོགས་ནང་ལྟ་སྟངས་ལ་འགྱུར་བ་སོང་ནས། ལས་འགུལ་ལས་སླ་རུ་འགྲོ་ཡི་ཡོད་པ་རེད། དང་ཐོག་རྒྱ་ནག་གིས་བོད་ནང་བཙན་འཛུལ་བྱེད་སྐབས་བོད་མི་རིགས་ཀྱིས་ཞི་དྲག་གཉིས་ཀས་འཐབ་རྩོད་བྱས་པ་རེད། ཆུ་བཞི་སྒང་དྲུག་བཙུགས་པ་རེད། གློ་སྒྲིག་འཛུགས་བཙུགས་པ་རེད། སྐྱེ་དམན་ལ་སོགས་ཀྱིས་དམག་སྦྱོང་བྱས་ཏེ་དྲག་པོའི་སྒྲིག་འཛུགས་བཙུགས་པ་རེད། བར་ལམ་ཞིག་ནས་དྲག་པོའི་འཐབ་རྩོད་བྱེད་ཀྱི་མི་འདུག མི་གཞན་པས་ཅིག་བཤད་ཀྱི་འདུག་ཅེས་དྲག་པོའི་འཐབ་རྩོད་ཀྱི་མིང་གྲགས་རྒྱུ་མེད་པ་བྱས་པ་རེད། ངས་དྲག་པོའི་འཐབ་རྩོད་བྱེད་དགོས་ཀྱི་འདུག་ཅེས་བཤད་ཀྱི་མེད་མོད། མི་རིགས་ཤིག་གི་འཐབ་རྩོད་ཀྱི་གོ་རིམ་ནང་ཞི་དྲག་ཟུང་འབྲེལ་གྱིས་ཡོང་ཡོད་པ་རེད། ང་ཚོས་རང་བཙན་འཐབ་རྩོད་བྱས་པ་རེད། ཡང་ཅིག་གིས་རྒྱབ་སྐྱོར་བྱེད་ས་མ་རེད། གཉིས་ཀྱིས་རྒྱབ་སྐྱོར་བྱེད་ས་མ་རེད། སྡུག་ཆག་རེད་ཅེས་བཤད་བཤད་ནས། ད་ལྟ་བོད་རང་བཙན་ཟེར་དུས་ཕྱི་རྒྱལ་གྱི་རྒྱབ་སྐྱོར་ཡོད་མེད་ལ་མ་ལྟོས་པར། བོད་པ་ནང་ཁུལ་དུ་གཅིག་གཅིག་གིས་གདོང་པར་བལྟས་ནས། འོ་དེ་བཤད་ཀྱི་ཡོད་འགྲོ་ཟེར་བའི་ཚད་འདི་འདྲ་ཞིག་ལ་བསྐྱར་ཚར་པ་རེད། བོད་ནང་དུ་སྐད་ཡིག་སྐོར་གྱི་ལས་འགུལ་ཞིག་སྤེལ་ཡོང་སྐབས། ཡང་བཙན་བྱོལ་ནང་དེར་རྒྱབ་སྐྱོར་བྱེད་རྒྱུ་ཡོད་པ་མ་རེད། རྒྱ་ནག་ལ་ཁ་གཏོང་རྒྱུ་ཡོད་པ་མ་རེད། བོད་ནང་རྒྱ་མིས་ཅིག་བྱེད་ཡོང་གི་རེད་ཅེས་མ་ཤེས་ཤེས་མདོག་གིས་ཅིག་བཤད་ནས། ང་ཚོ་བཙན་བྱོལ་སྤྱི་ཚོགས་ཀྱི་ལས་འགུལ་འདི་ཐབས་སྐྱོ་རུ་འགྲོ་ཡི་ཡོད་པ་རེད། བོད་མི་རིགས་ཀྱིས་ལས་འགུལ་སྤེལ་བ་ལ་བརྟེན་ནས། རྒྱ་ནག་གིས་ང་ཚོར་བཙན་འཛུལ་བྱས་པ་ཞི་མ་རེད། ང་ཚོ་ལུང་པ་ཁུག་ཀྱོག་ན་ཁུ་སིམ་སིམ་བསྡད་ཡོད་པའི་སྐབས་རྒྱ་མིས་སྒོ་བརྡུང་ནས་ང་ཚོ་སྡོད་མ་བཅུག་པ་རེད། དེ་ང་ཚོས་ལས་འགུལ་སྤེལ་དང་མ་སྤེལ་གྱི་འབྲེལ་བ་ཡོད་པ་མ་རེད། རྒྱ་མིས་ཅིག་བྱེད་ཀྱི་འདུག ང་ཚོས་ལས་འགུལ་སྤེལ་རྒྱུ་ཡོད་པ་མ་རེད་ཅེས་ཤོད་མཁན་ཚོས་ང་ཚོའི་ལས་འགུལ་དེ་ལས་སླ་རུ་གཏོང་གི་ཡོད་པ་རེད། དེ་ང་ཚོས་ཤེས་དགོས་པ་རེེད་”ཅེས་བརྗོད་སོང་།

ཁོང་གིས་མུ་མཐུད་སྐད་ཡིག་རྒྱུན་འཛིན་བྱེད་དགོས་མིན་སྐོར་ལ་བཤད་དོན། “རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་དང་། ཆོས་དང་རིག་གཞུང་རྩ་མེད་བཟོས་བཞག་ན། བོད་མི་རིགས་ཀྱི་འཐབ་རྩོད་དེ་རྫོགས་ཀྱི་རེད་བསམ་ཀྱི་ཡོད་པ་རེད། སྤྱིར་བཏང་མི་རིགས་ཀྱི་འཐབ་རྩོད་དང་སྐད་ཡིག་ལ་འབྲེལ་བ་ཡོད་པ་རེད། ཡིན་ནའང་སྐད་ཡིག་ལ་མ་བརྟེན་ན། མི་རིགས་ཀྱི་འཐབ་རྩོད་བྱེད་ཀྱི་མ་རེད་བསམས་ན། དེ་རྒྱ་ནག་གིས་ནོར་འཁྲུལ་ཤོར་ཚར་པ་རེད། ང་ཚོའི་གནས་ཚང་རྒྱ་གར་གྱི་མཐོ་རིམ་སྤྱི་ཚོགས་ནང་མི་བརྒྱ་ཆ་བརྒྱད་ཅུ་དབྱིན་སྐད་ཤོད་མཁན་རེད། སུ་ཞིག་གིས་དབྱིན་ཇིའི་འོག་ལ་འགྲོ་ཡི་ཡིན་ཟེར་གྱི་འདུག ཟེར་མཁན་ཡོད་པ་རེད། དེ་རིང་ང་ཚོ་མཉམ་དུ་བཀྲས་མཐོང་ལྷ་སྒྲོན་ལགས་ཡོད་པ་རེད། མོ་ཕྱི་རྒྱལ་ནས་འཚར་ལོངས་བྱུང་བས། བོད་སྐད་ང་ཚོས་བཤད་པ་བཞིན་ཤེས་ཀྱི་མ་རེད། པེ་ཅིང་དུ་འོད་ཟེར་ཡོད་པ་རེད། བོད་སྐད་ཡག་པོ་ཤེས་ཀྱི་མེད་པ་དངོས་ཡོད་རེད། ཡིན་ནའང་མི་རིགས་ཀྱི་འཐབ་རྩོད་བརྟན་པོ་ཡོད་པ་རེད། ང་ཚོ་ལས་འཇོན་ཐང་ཆེ་བ་ཁོང་ཚོར་ཡོད་པ་རེད་”ཅེས་སྐད་ཡིག་རྒྱུན་འཛིན་དགོས་སྐོར་དང། སྐད་ཡིག་དེ་གལ་སྲིད་ཉམས་སོང་ནའང་མི་རིགས་ཀྱི་འཐབ་རྩོད་མུ་མཐུད་དུ་གནས་སྐོར་གསུངས་སོང་།

candel_1_november_dhasa_mslhadonབཀྲས་མཐོང་ལྷ་སྒྲོན་གྱིས་གསུང་དོན། “སོ་སོའི་སྐད་ཡིག་དེ་གལ་ཆེན་པོ་ཡིན་པ་ཤེས་ཀྱི་ཡོད། སློབ་ཚན་ཚང་མ་སོ་སོའི་སྐད་ཡིག་ནང་སྦྱོང་རྒྱུ་དེ་རྩ་ཆེན་པོ་རེད། གལ་སྲིད་དེ་མ་བྱུང་ན་སོ་སོའི་རིག་གཞུང་དང་ངོ་བོ་མང་པོ་ཞིག་བརླག་གི་རེད། ཡིན་ནའང་རྒྱ་ནག་གཞུང་གིས་སྲིད་ཇུས་དེ་གནག་པོ་ཞིག་འཐེན་གྱི་ཡོད་བསམ་གྱི་ཡོད་པ་རེད། དོན་དངོས་སུ་ཁོ་ཚོའི་སྲིད་ཇུས་དེ་བྱབ་ཆུང་རེད། འགྲོ་སོང་མང་པོ་བཏང་ནས་རྒྱལ་སྤྱིའི་ནང་ཁོ་རང་ཚོའི་ངོ་བོ་དང་རྣམ་པ་ཡར་རྒྱས་གཏོང་རྒྱུ་དང། འཛམ་གླིང་མི་མང་གིས་ཁོང་ཚོར་དགའ་བོ་ཡོང་ཐབས་བྱེད་ཀྱི་ཡོད་པ་རེད་མོད། བོད་ནང་སྲིད་ཇུས་འདི་འདྲ་ཞིག་བཟོས་ཡོང་སྐབས། རྣམ་འགྱུར་དེ་གཉིས་ཀྱི་བར་དུ་ཁྱད་པར་ཡོད་པ་ཚང་མས་མཐོང་གི་རེད། རྒྱ་ནག་གཞུང་ལ་དགོས་པའི་ཆེ་མཐོང་དེ་ཡོང་གི་མ་རེད། ང་ཚོ་ཚང་མས་དཀའ་ལས་རྒྱག་ཐུབ་ན། བོད་ནང་དུ་དཀའ་ལས་མང་པོ་རྒྱག་གི་རེད། ང་རང་ལ་བོད་དོན་རྩོད་རྒྱུའི་སེམས་ཤུགས་ཡོ་ཁོངས་དེ་བོད་ནང་གི་ལས་འགུལ་བ་ཚོ་ཡིན་པས། ཚང་མས་ནུས་ཤུགས་འདོན་དགོས་པ་རེད་”ཅེས་མི་མང་གི་ལས་འགུལ་ཤུགས་ཆེ་གཏོང་དགོས་སྐོར་དང། མོ་རིང་ལ་མཚོན་ན། ཨ་མ་ཕྱི་རྒྱལ་ཡིན་པ་དང་འཚར་ལོངས་བྱུང་ས་དང་སློབ་གྲྭར་འགྲོ་ས་ཚང་མ་ཕྱི་རྒྱལ་ཡིན་པས། བོད་ཡིག་བོད་སྐད་སྦྱང་རྒྱུའི་གོ་སྐབས་མ་རག་སྐོར་གསུངས་ཡོད་པ་རེད།།

{jcomments on}