བོད་ཀྱི་སྐད་ཡིག་གངས་ཅན་པའི་ཤེས་རིག་གི་སྲོག་རྩ་ཡིན།

དེར་ང་ཚོས་ངོ་རྒོལ་དང། བོད་ནང་གི་སློབ་མ་ཚོས་སོ་སོའི་མི་རིགས་ཀྱི་སྲོག་རྩ་ཁྲིམས་མཐུན་དང་ཞི་བའི་ངང་རྩོད་ལེན་གནང་བར་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་ཡིན་ཞེས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་བསྒྲགས་གཏམ་སྤེལ་སོང་།

ཟླ་འདིའི་ཚེས་༤ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག རྒྱ་གར་རྒྱལ་ཡོངས་བོད་མིའི་སློབ་གྲྭ་ཁག་ཏུ་དུས་ཚོད་གཅིག་ཐོག སྐད་རིགས་རང་དབང།  བོད་སྐད་ཡིག་སློབ་ཁྲིད་རྒྱུན་འཁྱོངས་དགོས། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དགོས། བོད་ཀྱི་སྐད་ཡིག་གི་བདག་དབང་ཕྱིར་སྤྲོད་དགོས་ཞེས་པའི་འབོད་ཚིག་གཅིག་གྱུར་འོག གཞི་རྒྱ་ཆེ་བའི་ཁྲོམ་སྐོར་ཞིག་གོ་སྒྲིག་ཞུ་ཡི་ཡོད་རེད།

དྷ་སར་tyc_4_novemberབོད་ཀྱི་དབུས་གཞོན་ནུ་ལྷན་ཚོགས་དང་། ས་གནས་གཞོན་ནུ་གཉིས་ཟུང་འབྲེལ་གྱིས་བོད་ནང་གི་སློབ་མ་ཚོའི་གྱེན་ལངས་ལ་རྒྱབ་སྐྱོར་དང་། རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་ཞིག་ སྤེལ་ཡོད་པ་དང་། སྐབས་དེར་ལས་འགུལ་ནང་འཛུལ་ཞུགས་བྱེད་མཁན་སཱ་ར་མཐོ་དང་ནོར་གླིང་མཐོ་སློབ། དྷ་སྟེང་དང་དྷ་ཤོད་བོད་ཁྱིམ་གཉིས་ཀྱི་སློབ་མ་ཁག་ཅིག དེ་བཞིན་གྲྭ་བཙུན་དང་མི་མང་བཅས་མཉམ་ཞུགས་གནང་འདུག དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་མདུན་ཐང་ནས་དྷ་ཤོད་ཀ་ཅ་རིའི་བར་གོམ་བགྲོད་ཀྱིས་ངོ་རྒོལ་སྐད་འབོད་བྱས་པ་དང།  གཙུག་ལག་ཁང་གི་མདུན་ཐང་དུ་སཱ་ར་མཐོ་སློབ་ཀྱི་འཐུས་མིས་བོད་སྐད་དང་རྒྱ་སྐད་གཉིས་ཀྱི་ཐོག་བསྒྲགས་གཏམ་སྤེལ་སོང། དྷ་ཤོད་ཀ་ཅ་རིའི་ཁྲོམ་གཞུང་དུ་བོད་ཁྱིམ་གྱི་སློབ་མ་གཉིས་ཀྱིས། དབྱིན་སྐད་དང་ཧིན་སྐད་ཐོག་ནས་བསྒྲགས་གཏམ་སྤེལ་སོང།

དབུས་གཞོན་ལྷན་གྱི་བསྒྲགས་གཏམ་ནང། རྒྱའི་སྐད་ཡིག་དེ་ཉིད་ཀྲུང་ཧ་མི་རིགས་ཀྱི་ཤེས་རིག་གི་སྲོག་རྩ་ཡིན་པ་བཞིན། བོད་ཀྱི་སྐད་ཡིག་དེ་ཉིད་ཀྱང་ང་ཚོ་གངས་ཅན་པའི་ཤེས་རིག་གི་སྲོག་རྩ་ཡིན། གངས་ཅན་པའི་བུ་ཕྲུག་རྣམས་ལ་རང་གི་ཤེས་རིག་གི་དཔལ་ཡོན་གཅེས་འཛིན་བྱ་རྒྱུའི་ཐོབ་ཐང་ངེས་པར་དགོས་ཤིང་། དེ་ནི་ང་ཚོ་འཚོ་གནས་ཀྱི་ཚེ་སྲོག་ཡིན། དེར་བརྟེན་རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་ཕལ་པར་འཇོག་པའི་ངན་ཇུས་དེ་ཉིད་ཕྱིར་འཐེན་མ་བྱས་ན། དེ་ནི་ཁྱེད་ཚོས་འཛམ་གླིང་ཐོག་བོད་མི་རིགས་འཚོ་གནས་བྱ་རྒྱུའི་ཐོབ་ཐང་མེད་ཟེར་བའི་བརྡ་ལན་དང་གཅིག་མཚུངས་ཡིན། གང་ཡིན་ཞེ་ན། ཁྱེད་ཚོའི་བསམ་བློའི་གཙོ་འཛིན་དམར་ཤོག་པ་ལེ་ཉེན་དང་སི་ཏ་ལིན་སོགས་ཀྱིས། མི་རིགས་ཤིག་རྩ་མེད་བཟོ་དགོས་ན། སྐད་ཡིག་རྩ་མེད་བཟོ་དགོས་ཟེར་བ་དེ་ད་ཆ་ཁྱོད་ཚོས་བོད་ཀྱི་ཐོག་ལག་བསྟར་བྱེད་ཀྱི་ཡོད་ཅེས་སོགས་འཁོད་འདུག

tyc_4_november1 2བཙན་བྱོལ་ནང་གི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་གཉེར་བ་ཐུན་མོང་ཞེས་འཁོད་པའི་བསྒྲགས་གཏམ་ནང། མཚོ་སྔོན་ཞིང་ཆེན་དམར་ཕྱོགས་ཚོགས་པ་དང། ཞིང་ཆེན་སྲིད་གཞུང་ཟེར་བ་གཉིས་མཉམ་འབྲེལ་གྱིས། ལོ་བཅུའི་སློབ་གསོ་འཆར་འགོད་སྲིད་ཇུས་གཏན་འབེབས་བྱས་པའི་ནང། སློབ་གྲྭ་ཁག་ཏུ་རྒྱའི་སྐད་ཡིག་གཙོ་བོ་དང་། བོད་ཀྱི་སྐད་ཡིག་ཕལ་པར་བཞག་པར་བོད་ནང་གི་རང་རིགས་སློབ་མ་ཚོས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་མཚམས་ཚད་ནང། ལུགས་མཐུན་གྱི་མངོན་འདོད་སྒྲུབ་ཕྱིར་ཁྲིམས་མཐུན་གྱི་ལས་འགུལ་སྤེལ་བར། ང་ཚོས་བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་ཚབ་ཞུས་ཏེ། གདུང་སེམས་མཉམ་བསྐྱེད་དང་ཁོ་ཚོའི་མངོན་འདོད་དང་ལས་འགུལ་ལ་རྒྱབ་སྐྱོརཤུགས་ཆེན་ཞུ་བཞིན་ཡོད་ཅེས་འཁོད་འདུག

དེ་བཞིན་ཀ་ཅ་རིའི་ཁྲོམ་གཞུང་དུ་བོད་ཁྱིམ་གྱི་སློབ་མ་གཉིས་ཀྱིས། དབྱིན་སྐད་དང་ཧིན་སྐད་དུ་སྤེལ་བའི་བསྒྲགས་ནང་དུའང། བོད་ལ་སྐད་ཡིག་རང་དབང་དགོས་པ་དང། བཙན་བྱོལ་ནང་གི་སློབ་མ་ཚོས། བོད་ནང་གི་སློབ་མ་དེ་དག་གི་མངོན་འདུན་འགྲུབ་ཆེད་དུ། ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་ཞུ་ཡིན་ཞེས་སོགས་བཀོད་འདུག་པ་དང། མཐའ་མཇུག་དབུས་བོད་ཀྱི་གཞོན་ནུའི་ལྷན་ཚོགས་ཀྱི་ཚོགས་གཞོན་དོན་གྲུབ་ལྷ་དར་ལགས་ཀྱིས། ལས་འགུལ་བ་ཡོངས་ལ་ཐུགས་རྗེ་ཆེ་ཞུ་བའི་གསུང་བཤད་གནང་སོང་།{jcomments on}