མཐོ་རིམ་སློབ་ཐོན་པ་ ༤༠༩༢ ཅན་གྱི་བོད་ཁྱིམ།

བོད་ཁྱིམ་ནི་དངོས་གནས་ྋགོང་ས་མཆོག་གི་ཐུགས་རྗེ་འོག་སློབ་མའི་གྲངས་འབོར་ཆེ་ཤོས་ཀྱི་གཞུང་དང་ཐད་འབྲེལ་མེད་པའི་སྒྲིག་འཛུགས་ཤིག་ཡིན་ཚུལ་གོ་མྱོང་ཡང༌། སློབ་གྲྭའི་བྱེད་སྒོ་རྣམ་གསུམ་ཤེས་རིག་ལས་ཁུངས་ལ་ལྟོས་མི་དགོས་པ་ཞིག་ཡིན་ཚུལ་ཡིག་ངག་གང་ནས་ཀྱང་ཐོས་མ་མྱོང༌།
ས་དང་གནམ་ལས་ངོ་མི་ཤེས་པའི་བཙན་བྱོལ་བོད་པ་ཚང་མ་ད་ནི་འཐོམས་སངས་ཚར་བ་ཡིན་ཙང༌། བོད་སྤྱི་པའི་ལས་དོན་བསྒྲུབ་རྒྱུར་ལྷག་བསམ་གྱིས་རྒྱབ་འཁྱོག་མ་འཁྱོག་གཅིག་པུར་རག་ལུས་བསྡད་པ་ྋགོང་ས་མཆོག་གི་ཞལ་ནས་ཡང་ཡང་ཐོས་མྱོང་ལ།  དེའི་ཁར་ཁ་སང་བོད་ཁྱིམ་མཛད་སྒོའི་ཐོག་ཁོང་གིས་བཤད་ནི་མང་པོ་བཤད་པ་ཡིན་ཞེས་ཐུགས་སྐྱོ་བའི་རྣམ་འགྱུར་ཞིག་ངས་གསལ་ལེར་མཐོང་སོང༌། ཁོང་གི་གཡས་གཡོན་ན་ཡོད་པ་ཚོའི་ཁྲོད་ནས་ཀྱང་ཁ་ཤས་ཀྱིས་ལམ་སེང་ཐལ་མོ་སྦྱར་ཏེ་གདོང་ཞུམ་པའི་རྣམ་པ་སྟོན་གྱིན་ཁོང་ལ་ཅེར་ནས་འདུག་པའང་གསལ་བོར་མཐོང་སོང༌། ཡིན་ནའང་ངས་ཤེས་སོང་བ་ཞིག་ནི་བཤད་པ་དེ་བཤད་པ་རེད་ཟེར་བ་ཙམ་ལ་བརྩིས་ནས་འཇོག་མི་ཉན་པ་དེ་རེད།

ྋགོང་ས་མཆོག་གིས་ཅི་ཞིག་བཤད་ཚར་བ་རེད། ཅི་ཞིག་བཤད་བཞིན་པ་རེད། སྐད་ཡིག་རང་དབང་གི་དར་ཆ་ཕ་ཡུལ་དུ་འཕྱར་བཞིན་པའི་སྐབས་སུ་ྋགོང་ས་མཆོག་གིས་གནའ་ནས་ཅི་ཞིག་བཤད་པ་རྣམས་ཐུགས་ལ་དྲན་སོས་པ་ཡིན་ནམ། ཡང་ན་ྋགོང་ས་མཆོག་རྒྱ་མིའི་དར་ཆའི་འོག་གི་ཁོང་གི་སློབ་ཕྲུག་ཚོའི་སྐད་ཡིག་རང་དབང་གི་ལས་དོན་དང་བརྩེ་དུངས་ལ་ངོ་གནོང་བ་ཡིན་ནམ། ཡང་ན་ྋགོང་ས་མཆོག་ལོ་ལྔ་བཅུའི་སློབ་ཐོན་པ་ཚོས་རྒྱ་ཨིན་ཤེས་ཚད་ལ་ཞེ་མེར་ནས་ ༢༠༠༨ ལོའི་དེ་རིང་གི་སྐད་ཆ་དེ་ཡིད་ལ་ལྷང་ལྷང་དྲན་པ་ཡིན་ནམ། ྋགོང་ས་མཆོག་ཁྱེད་ཁོ་ན་ངོ་གནོང་དགོས་སམ། ཁྱེད་ཁོ་ནས་ཡང་ཡང་བཤད་དགོས་སམ།

སློབ་ཐོན་ ༤༠༩༧ ནི་གང་དུ་གནས་སམ་ཞེས་དྲི་བ་ཞིག་ཡོད་དབང་དུ་བཏང་ན། དེ་ནི་བརྒྱ་ཁ་གཅིག་གཅོད་བྱེད་པའི་སྐུའི་གཅུང་མོ་རྗེ་བཙུན་པདྨ་དང་འགན་འཛིན་ལྷན་ཚོགས་ཀྱིས་མཁྱེན་ཐུབ་པ་རེད། ངས་གུས་བརྩི་ཆེན་པོས་རིག་གནས་ལས་དོན་གྱི་ཆེད་དུ། སྐུའི་གཅུང་མོ་བརྒྱ་ཁ་གཅིག་གཅོད་མ་ཟེར་འདོད་བྱུང༌། དེ་ནི་བཙན་བྱོལ་གྱི་ལོ་ངོ་ཉི་ཤུ་རྐང་པ་ས་ལ་འཛུགས་པའི་དུས་ཚོད་ཡིན་ཡང༌། དེའི་བར་གྱི་ལོ་ངོ་སུམ་བཅུར་བོད་ཀྱི་སྐད་ཡིག་རིག་གནས་སླར་གསོའི་ཕུགས་རྒྱང་རིང་པོའི་སློབ་གསོ་ཞིག་ཁོ་མོས་མ་རྙེད་ཅིང༌། སྟོང་ལོ་གསར་པའི་ནང་གི་གཞི་རིམ་ཤེས་ཡོན་སྲིད་བྱུས་ལ་ཁོ་མོས་ཞེ་སྡང་ཆེན་པོ་སྟོན་གྱི་ཡོད། དེ་ནི་ལས་དོན་གཞན་གྱི་ཆེད་དུ་བཀའ་ཤག་ཏུ་བཅར་སྐབས་སུའང་ཤེས་ཡོན་སྲིད་བྱུས་ལག་ལེན་བསྟར་རྒྱུ་མིན་ཞེས་སྐད་མཐོན་པོས་ཡང་ཡང་གསུངས་བཞིན་འདུག

ང་རང་ལ་མཚོན་ན། སྤྱི་ཁྱབ་ཚེ་དབང་ཡེ་ཤེས་གཙོས་གྲོས་ལ་དབང་ལ་རྣམས་ཀྱི་མཉམ་དུ་ཤེས་ཡོན་སྲིད་བྱུས་ཐད་བགྲོ་གླེང་ཞིབ་ལྷུག་བྱེད་སྐལ་བྱུང་བས། ཤེས་ཡོན་སྲིད་བྱུས་ཀྱི་གཞི་རྩའི་ལྟ་གྲུབ་དང༌། འདབ་གཤོག་ཉིས་ལྡན་ཆགས་མིན་གྱི་ཐད་ཁོང་ལ་རེ་དོགས་རྩ་ནས་མེད་པ་གསལ་བོར་ཐོས་ཤིང༌། དོན་ཚན་ ༡༡ དགེ་རྒན་གྱི་སྤུས་ཚད་ཐད་དཀའ་ངལ་ཡོད་པ་ལས་གཞན་ཅི་གང་གི་རྣམ་རྟོག་མེད་པའི་རྣམ་འགྱུར་བསྟན་པའི་ཁར། ལག་ལེན་བསྟར་རྒྱུ་མིན་ཞེས་པའི་སྐད་ཆ་དེའང་སྐད་ཆ་ཙམ་གྱི་ངོ་བོར་འགན་འཛིན་ལྷན་ཚོགས་ནས་འཇོག་གི་ཡོད་པའང་ཁོང་གིས་ངོས་ལེན་གསལ་བོ་བྱས་སོང༌། ཕྱོགས་འདི་དག་ནས་ལྟོས་ཡོང་ན་བོད་ཁྱིམ་དང་བོད་སྐད་ཡིག་གི་བར་ཐག་ཞེ་དྲག་རིང་པོ་ཡིན་པའི་ཚོར་བ་ང་ལ་མ་བྱུང་ཁར། གང་མགྱོགས་ལག་ལེན་བསྟར་ཚེ་ྋགོང་ས་མཆོག་གིས་རིག་གནས་ལས་དོན་ཐད་བཀའ་སློབ་གནང་སྐབས་བཤད་ནི་མང་པོ་བཤད་པ་ཡིན་ཞེས་པ་དེ་འདྲ་གསུངས་མདོག་ཁ་བོ་མ་རེད་བསམ་སོང༌།

ཡིན་ནའང༌། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བཞི་པའི་ཚོགས་དུས་བཅུ་པར་ཕུལ་པའི་བོད་ཁྱིམ་གྱི་ལན་འདེབས་ནང༌། རང་རེའི་སྐད་ཡིག་དང་ཆོས། རིག་གཞུང་ལ་སོགས་པ། ཁོང་ཚོའི་བཞེད་པའི་འཛམ་གླིང་འཕོ་འགྱུར་ལ་གཞིགས་པའི་དེང་དུས་ཤེས་ཡོན་སྤྲོད་རྒྱུ་ལས་གལ་ཆུང་བར་སྔར་མུས་ལྟར་བཞག་ཡོད་ཅིང༌། དཔེ་སྟོན་སློབ་གྲྭར་ལྟ་ཞིབ་ཀྱིས་སྔ་འཕྲོས་རིང་ངང་སྒུག་བྱ་རྒྱུའི་གནས་དུས་ཚོད་རྩིས་ཀྱི་སྐད་ཆ་རྫིག་ཉམས་དོད་པོས་གསུངས་འདུག དེང་སང་བཙན་བྱོལ་བོད་མིའི་དཀྱིལ་འཁོར་ནང་གི་མཁས་པ་ཚོས། གནད་དོན་རྙིང་པ་འདི་ཆོས་ལ་མི་རྟོན་གང་ཟག་ལ་རྟོན་པ་ལས་གཞན་ཅི་གང་མིན་ཚུལ་ཚིག་ཐག་ཆོད་པོས་གསུངས་ཀྱི་ཡོད་ལ། ཡང་ཁ་ཅིག་གིས་མཁས་དབང་ཟམ་གདོང་རིན་པོ་ཆེས་མཁས་ཉམས་བསྟན་དྲགས་ནས་ཁོང་ཚོར་ཕོག་ཐུག་ཤོར་ཚུལ་ཡང་ཟེར་གྱི་ཡོད། དེ་ནི་ཁོང་གི་ཤེས་ཡོན་སྲིད་བྱུས་ཀྱི་སྔོན་གླེང་ནང་ཐོག་མའི་ཛ་དྲག་གི་དུས་སྐབས་སུ་གཞན་གཡར་བྱས་པའི་ལམ་སྲོལ་ཆུ་ངན་ལམ་ཤོར་ལྟ་བུ་གོམས་གཤིས་སུ་འཇགས་ཏེ་དེ་ལས་གཞན་པའི་ལམ་སྲོལ་ཞིག་བསམ་བཞིན་ལག་བསྟར་བྱ་དགོས་མཐོང་མ་ཐུབ་པའམ། མཐོང་ཡང་བྱེད་མ་ཕོད་དབང་གིས་མི་ལོ་བཅུ་ཕྲག་ཁ་ཤས་དེ་མུར་འདས་ཞེས་པ་འདིས་ལོ་རྒྱུས་ནང་འཁོད་རྒྱུའི་རྣམ་དཔྱོད་ཁ་ཤས་ལ་སྡོམ་བརྒྱབ་པ་ཡིན་ཙང༌། ཕྱི་ནང་གསང་གསུམ་ནས་ལམ་ལྷོང་མི་ཡོང་བའི་རྐྱེན་མང་འཕྲད་པ་རེད་ཅེས་ཀྱང་མི་མང་པོས་ཚོད་དཔག་བྱེད་ཀྱིན་ཡོད། གཅིག་བྱས་ན། ཚོད་དཔག་འདི་ཡང་བདེན་པ་འདྲ་སྟེ། ཡང་ཁོང་གིས་མདུན་སར་སྤྱན་དྲངས་པའི་མཁས་པ་ཁས་ཤས་ལ་རིག་པའི་སྒྲུབ་བྱེད་ཚར་ཏེ་ལྐོག་ནས་གཞན་དག་རྦད་པའི་ངང་ཚུལ་གྱིས་གྲོས་ཚོགས་ལྟ་བུ་ཞིག་ནས་ཤེས་ཡོན་སྲིད་བྱུས་འདི་བཀག་མ་ཐུབ་ན། བོད་མིའི་ཤེས་ཡོན་གྱི་མདུན་ལམ་ལ་གནོད་ཚབས་ཆེན་པོ་ཡོང་བའི་ཉེན་བརྡ་གཏོང་མཁན་ཡོད་པའང་མཁྱེན་ཚུལ་གསུངས་འདུག

འདི་ལྟར་ལྟོས་ཡོང་དུས། ངའི་མིག་ལ་བོད་འདི་སྣང་སྟངས་ནི་ྋགོང་ས་མཆོག་དང༌། ལས་ཀྱི་སྣེ་མོ་བ། གཞི་རིམ་མང་ཚོགས་བཅས་རིགས་གསུམ་གྱིས་སྣང་གི་འདུག་པས། ཤི་ཡང་མིག་བཙུམ་མི་ཐུབ་ཟེར་མཁན་ཆོས་ཀྱི་རྒྱལ་མཚན་ལྟ་བུའི་བོད་སྐད་ཡིག་རིག་གནས་ཀྱི་ཀ་བ་དེ་ཚོ་ཡང་ཡང་དྲན་པ་ལྟ་བུ་ཞིག་སྟེ། བཙན་བྱོལ་ནང་གི་སྐད་ཡིག་རིག་གནས་ལམ་ཁ་གང་འདྲ་ཞིག་ཏུ་འགྲོ་འམ་བསམ་དུས། བཙན་བྱོལ་བོད་མི་ཚོར་ཤེས་ཡོན་ལས་བསྒྲུབ་བྱ་གཞན་མི་དགོས་པ་ལྟ་བུ་ཞིག་ཏུའང་མཐོང་ལ། ནམ་ཞིག་ར་རི་སྤྲིན་པའི་ཟོལ་འདི་དྭངས་ནས། མཁས་མང་བརྡར་བའི་ཤེས་ཡོན་སྲིད་བྱུས་འདི་ཡོངས་སུ་ལག་བསྟར་བྱེད་ཐུབ་པ་ཞིག་ཀྱང་མི་ཡོང་ངམ་བསམ་ནས་རང་སེམས་རང་གིས་གསོ་ཞོར།     བོད་ཁྱིམ་དང་ཤེས་ཡོན་སྲིད་བྱུས་བར་གྱི་གནས་བབ་འདི་གྲལ་གྱི་མཐའ་ན་གནས་པའི་གཞི་རིམ་མང་ཚོགས་དང༌། གཞིས་ལུས་མི་མང་དང༌། དེའི་ནང་གི་བུ་ཕྲུག་རྒྱང་དུ་བཏང་བའི་ཕ་མ་ཚོས་ཀྱང་ཅུང་ཙམ་མཁྱེན་ན་གློ་བ་སིམ།།{jcomments on}

This will close in 0 seconds