སྒོ་ཡོན་གྱིས་སྐད་ཡིག་བདག་དབང་ཆེད་བསྒྲགས་གཏམ།
ང་ཚོའི་སྐད་ཡིག་གང་ན་ཡོད། དུས་དེ་རིང་འགྲོ་མིའི་ལོ་རྒྱུས་ཀྱི་གཞུང་ལམ་ཁྲོད་ན་བསུབ་ཏུ་མེད་པའི་རིག་གནས་གསར་བརྗེ་ཆེན་པོའི་གོད་ཆག་འཇིགས་སུ་རུང་བ་དེ་བརྗེད་དུ་མེད་ཀྱང་ཟུར་དུ་བཞག་སྟེ། ཉིས་སྟོང་བརྒྱད་ལོའི་གསོད་གཏུབ་རྡུང་བརྡེགས་ཀྱི་བཙན་གནོན་ཡིད་ཀྱིས་མི་བཟོད་པའི་སྐྱོ་གར་རིང་མོ་དེ་འཇགས་སུ་མེད་ཀྱང་རྒྱབ་ཏུ་བཅོལ་ནས། ཟླ་འགའི་ཡར་སྔོན་དུ་ཁམས་ཡུལ་ཤུལ་གྱི་ས་ཡོམ་དྲགས་པོའི་སྔ་རྗེས་སུ་བྱུང་བའི་ལྐོག་གཡོ་ངན་ཇུས་ཀྱིས་ས་འཕྲོགས་ནོར་ཁྱེར་གྱི་གོད་ཆག་བློ་ཡིས་མི་ཟིན་པ་དག་ཀྱང་རྗེས་སུ་བསྐྱུར་ནས།གང་ཞིག་དམིགས་སུ་འཛིན་འདོད་པའི་དོན་གནད་ཆེས་གལ་ཆེ་བ་ནི། ང་རང་ཉིད་གཏོགས་པའི་བོད་པ་སྤྱིའི་ཁ་ལྕེ་དང་སྨྲ་བརྗོད་ང་ཚོ་རང་ཉིད་ལ་དབང་ཆོག་མིན་དེ་ཡིན་ལ། བོད་པ་ཞེས་པའི་འགྲོ་མིའི་བྱེ་བྲག་གི་རིགས་རྒྱུད་འདི་ཉིད་ས་སྒང་དུ་གནས་ཆོག་མིན་གྱི་གནད་དོན་དེ་ཡིན། དེ་བས་ཉེ་སྔོན་ཏག་ཏག་ལ་རྒྱ་མིའི་གསར་ལམ་ཁག་ཏུ་བཀོད་པའི«༢༠༡༠_༢༠༢༠ལོའི་མཚོ་སྔོན་ཞིང་ཆེན་གྱི་དུས་ཡུན་འབྲིང་རིང་གི་སློབ་གསོ་བཅོས་བསྒྱུར་དང་འཕེལ་རྒྱས་ཀྱི་འཆར་འགོད་རྩ་གནད»ཅེས་པའི་དོན་ཚན་བཅུ་གཅིག་པར་བཤད་པའི།“རྒྱལ་ཁབ་ཀྱི་ཐུན་མོང་དུ་སྤྱོད་པའི་སྐད་དང་ཡི་གེ་དེ་སློབ་ཁྲིད་གྱི་སྐད་ཆར་བཞག་སྟེ……མི་རིགས་ས་གནས་ཁག་ཏུ་སློབ་ལོ་མ་རན་གོང་གི(སྐད་གཉིས)ཅན་གྱི་བུ་བཅོལ་ཁང་འཛུགས་པར་རྒྱབ་སྐྱོར་དང་།
གྲངས་ཉུང་མི་རིགས་དང་རྒྱ་རིགས་ཀྱི་བྱིས་པ་མཉམ་བསྲེས་ཀྱི་བུ་བཅོལ་ཁང་དང་།གྲངས་ཉུང་མི་རིགས་དང་རྒྱ་རིགས་ཀྱི་བྱིས་པ་མཉམ་བསྲེས་འཛིན་གྲྭ་འཛུགས་རྒྱུ་སྐུལ་སྤེལ་བྱ་རྒྱུ……མི་རིགས་སློབ་འབྲིང་དང་སྤྱིར་བཏང་གི་སློབ་གྲྭ་ཆུང་འབྲིང་རྣམས་ཀྱིས་ཐོན་ཁུངས་མཉམ་སྤྱོད་བྱ་རྒྱུར་སྐུལ་འདེད་བྱས་ཏེ། གྲངས་ཉུང་མི་རིགས་ཀྱི་སློབ་གྲྭ་དང་རྒྱ་རིགས་སློབ་གྲྭ་མཉམ་བསྲེས་བྱེད་རྒྱུ་ལག་བསྟར……སློབ་ཆུང་ཁག་ཏུ་རྒྱལ་ཁབ་ཀྱི་ཐུན་མོང་དུ་སྤྱོད་པའི་སྐད་དང་ཡི་གེ་གཙོ་བོ་དང་མི་རིགས་རང་གི་སྐད་དང་ཡི་གེ་ཕལ་བ་ཡིན་པའི(སྐད་གཉིས)སློབ་ཁྲིད་མངོན་འགྱུར་བྱ་རྒྱུ་དང་། དེ་དང་མཉམ་དུ་གྲངས་ཉུང་མི་རིགས་ཀྱི་སློབ་འབྲིང་སློབ་མར་རྒྱལ་ཁབ་ཀྱི་ཐུན་མོང་དུ་སྤྱོད་པའི་སྐད་དང་ཡི་གེས་སློབ་ཁྲིད་བྱ་རྒྱུ……”ཞེས་པའི་སྐོར་དག་ཡིན་ལ།དེ་དག་ནི༡༩༤༨ལོའི་ཟླ་བཅུ་གཉིས་པར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཏན་འབེབས་བྱས་པའི«འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས»དང་རྩ་བ་ནས་མི་འགྲིག་པ་མ་ཟད། «མར་ཁེ་སི་རང་ལུགས་ཀྱི་ལྟ་བ»དང་ཡང་རྒྱབ་འགལ་དུ་གྱུར་འདུག་ཅིང༌། དེ་བཞིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་རང་གིས་བཅས་པའི་སྔར་གྱི“བཅའ་ཁྲིམས”རྣམས་དང་ཡང་ཀུན་ནས་རིང་དུ་སོང་ཟིན་པས། དེ་རིང་ཁོ་བོས་རང་གི་ཚེ་སྲོག་གི་དབུགས་རྩ་ལྟ་བུའི་སྐད་དང་ཡི་གེ་རང་ཉིད་ལ་ཕྱིར་སྤྲོད་དགོས་པའི་འབོད་སྐུལ་ཤུགས་ཀྱིས་རྒྱག་རྒྱུ་ཡིན་པས་མི་ཚད།
ཡོད་ཚད་ལས་ཀྱང་རང་གི་ཚེ་སྲོག་གལ་ཆེ་ནའང་རང་སྐད་རང་ཡིག་གི་ཆེད་དུ་དེ་ཡང་ཆེས་ཕལ་བ་ཞིག་ཏུ་བཞག་ནས།ལུགས་མཐུན་མིན་པའི་སྒོ་ནས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་རྡོག་བརྫིས་བྱེད་ཐབས་ཀྱི་སྐོར་འདིར། དངོས་སུ་རང་གི་མིང་ཐོག་ནས་འཐད་པ་མཐའ་གཅིག་ཏུ་མིན་པའི་སྐད་ཆ་སྔོན་དུ་བཤད་རྒྱུ་ཡིན་ལ།ང་ཚོར་རང་གི་སྐད་ཡིག་སྤྱོད་པའི་ཁེ་དབང་ཙམ་ནི་མ་མཐའ་ཡང་ཡོད་དགོས་པའི་རེ་བ་སྙིང་ནས་བརྒྱབ་པ་དང་མཉམ་དུ། ལུགས་མཐུན་མིན་པའི“བཅའ་ཁྲིམས”དེ་ཇི་ལྟར་མི་མཐུན་ལུགས་ཀྱང་གཤམ་དུ་འགོད་རྒྱུ་ཡིན་ནོ།། གཅིག «འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས»ལས་དོན་ཚན་ཉེར་བདུན་པར་འཁོད་དོན། ༡ སྐྱེ་བོ་རེ་རེར་སྡེ་ཚོགས་ཀྱི་རིག་གཞུང་འཚོ་བའི་ནང་རང་དབང་གིས་གཞུག་པ་དང་། རྩོམ་རིག་ལ་སྤྱོད་པ། ཚན་རིག་ཡར་ཐོན་དང་། དེའི་ཁེ་ཕན་མཉམ་སྤྱོད་བྱེད་པ་བཅས་ཀྱི་ཐོབ་ཐང་ཡོད། ༢སྐྱེ་བོ་རེ་རེར་ཚན་རིག་དང་།ཡི་གེ།རྩོམ་རིག་བཅས་གང་ཡང་རུང་བ་སྟེ།རྩོམ་པ་པོ་གང་གི་ཐོན་སྤེལ་ལས་བྱུང་བའི་སེམས་སྟོབས་དང་།དངོས་པོའི་ཁེ་ཕན་སྲུབ་སྐྱོབ་བྱེད་པའི་ཐོབ་ཐང་ཡོད། གཉིས། ཕུན་དབང་ལགས་ཀྱིས་ཕྱོགས་བསྡུས་དང་གནད་རྩ་བཤུས་པའི«མར་ཁེ་སི་རིང་ལུགས་ཀྱི་མི་རིགས་ལྟ་བའི་སྐོར»ཞེས་པར་འཁོད་དོན། སྐད་ཆ་དང་ཡི་གེ་ནི་མི་རིགས་ཤིག་གི་ཁྱད་ཆོས་དང་མི་རིགས་དེའི་གཞན་དང་དབྱེ་བ་འབྱེད་བྱེད་ཀྱི་རྟགས་མཚན་ཞིག་ཡིན་པར་མ་ཟད། མི་རིགས་གང་དེ་གནས་པ་དང་འཕེལ་བའི་བརྒྱུད་རིམ་ཁྲོད།སྤྱི་ཚོགས་འཚོ་བའི་ཁྲོད་མི་རྣམས་ཀྱིས་བསམ་བློ་བརྗེ་རེས་བྱེད་པའི་ལག་ཆ་ཡིན།
མི་རིགས་ཤིག་མཉམ་འདྲེས་དང་གཞན་འགྱུར་བྱུང་ཡོད་མེད་དེ་ཐོག་མར་སྐད་ཡིག་གི་སྟེང་ནས་མངོན་ཡོང་། མི་རིགས་མི་འདྲ་བའི་བར་འགྲོ་འོང་བྱེད་པའི་ཁྲོད་སོ་སོའི་སྤྱི་ཚོགས་ཀྱི་གོ་གནས་དང་འབྲེལ་བ་ག་འདྲ་ཞིག་ཡིན་པའང་སྐད་ཡིག་ལས་མངོན་གསལ་དུ་ཤེས་ཡོང་། དེའི་ཕྱིར།མི་རིགས་སྐད་ཡིག་གི་གནས་བབ་དང་ལས་དབང་གིས་མི་རིགས་གང་དེའི་གནས་སྟངས་དང་ཆབ་སྲིད་གོ་གནས།མདུན་ལམ་ལས་དབང་བཅས་མཚོན་ཐུབ། ལེ་ཉིན་སོགས་མར་ཁེ་སི་རིང་ལུགས་ཀྱི་གཞུང་ལུགས་སྨྲ་བས་གནད་དོན་འདིའི་སྟེང་དུ་བཟུང་བའི་གཞི་རྩའི་ལྟ་ཚུལ་ནི། སུ་ཞིག་གིས་མི་རིགས་འདྲ་མཉམ་དང་སྐད་ཡིག་འདྲ་མཉམ་རྒྱུན་འཁྱོངས་མི་བྱེད་པ་དང་། མི་རིགས་གཉའ་གནོན་དང་འདྲ་མཉམ་མིན་པའི་གནས་ཚུལ་ལ་འཐབ་རྩོད་མི་བྱེད་ཚེ།དེ་ནི་མར་ཁེ་སི་རིང་ལུགས་པ་ཞིག་མིན་ཞིང་། ཐ་ན་དམངས་གཙོ་རིང་ལུགས་པ་ཞིག་ཀྱང་མིན།འདི་ལ་དོགས་པ་ཅི་ཡང་མེད་ཅེས་དང་། ཡང་དམངས་་གཙོའི་རྒྱལ་ཁབ་ཅིག་ཡིན་ཚེ་ངེས་པར་དུ་ཆ་རྐྱེན་ཅི་ཡང་མེད་པར་སྐད་ཡིག་སོ་སོའི་རང་དབང་ཁས་ལེན་དགོས་ཤིང་། སྐད་རིགས་གང་ཞིག་ལ་ཁྱད་དབང་ཡོད་པ་དགག་དགོས། དམངས་གཙོའི་རྒྱལ་ཁབ་ཅིག་ཡིན་ཕྱིན། སྤྱི་ཚོགས་ལས་དོན་གྱི་ཕྱོགས་གང་དང་སྡེ་ཁག་གང་ནས་ཀྱང་མི་རིགས་གང་ཞིག་གིས་མི་རིགས་གཞན་དག་ལ་གཉའ་གནོན་བྱེད་པའམ་ཆེ་ཚུགས་གཟུང་མི་ཆོག་ཅེས་དང་། ད་དུང་མི་རིགས་གྲངས་ཉུང་གཞན་དག་གིས་འདྲ་མཉམ་གྱི་རྩ་དོན་གཞིར་བཟུང་ནས། སྔོན་འགྲོའི་ཆ་རྐྱེན་ཅི་ཡང་མེད་པར་རང་གི་སྐད་ཡིག་སྲུང་སྐྱོབ་བྱེད་པར་བསྐུལ་བའི་དབང་ཆ་ཡོད།
དཔེར་ན། རྒྱལ་ཁབ་ལས་ཁུངས་དང་སྤྱི་ཚོགས་ཚོགས་པས་རང་གི་སྐད་དེ་བཀོལ་ནས་ལན་འདེབས་པའི་ཁེ་དབང་སོགས་ཡོད། མི་རིགས་རང་གི་སྐད་དང་ཡི་གེ་བསྐོར་བའི་རྒྱུ་མཚན་ཅི་ཡིན་ཞེ་ན། མི་དམངས་མང་ཚོགས་ཁྲི་འབུམ་གྱིས་མི་རིགས་རང་གི་སྐད་དང་ཡི་གེ་བཀོལ་ན་ད་གཟོད་སྲིད་འབྱོར་རིག་གསུམ་གྱི་ཕྱོགས་ནས་འཕེལ་རྒྱས་ཆེན་པོ་འཐོབ་སྲིད་པས་སོ། ། ཞེས་གསུངས་ཡོད། གསུམ། «རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས»ནང་དུ་འཁོད་དོན། 1984ལོའི་ཟླ5ཚེས31ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་དྲུག་པའི་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གྲོས་འཆམ་བྱུང་ཞིང༌། 2001ལོའི་ཟླ2པའི་ཚེས28ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་དགུ་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉི་ཤུ་བའི་ཐོག་བཞག་པའི་མི་རིགས་ས་ཁོངས་རང་སྐྱོང་བྱེད་ཕྱོགས་སྐོར་གྱི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལས། གྲངས་ཉུང་མི་རིགས་ཀྱི་སློབ་གྲྭ་བ་བསྡུ་རྒྱུ་གཙོ་བོར་འཛིན་པའི་སློབ་གྲྭ་དང་སློབ་གསོའི་སྒྲིག་གཞི་གཞན་དག་གི་ནང་ནས་ཆ་རྐྱེན་འཛོམས་པའི་རིགས་ཀྱི་གྲངས་ཉུང་མི་རིགས་ཡི་གེའི་སློབ་དེབ་སྤྱོད་དགོས་པ་མ་ཟད། གྲངས་ཉུང་མི་རིགས་ཀྱི་སྐད་ཐོག་ནས་སློབ་ཁྲིད་ཀྱང་བྱ་དགོས།གནས་ཚུལ་ལ་གཞིགས་ཏེ་སློབ་གྲྭ་ཆུང་བའི་སློབ་རིམ་དམའ་བའམ་སློབ་རིམ་མཐོ་བ་ནས་རྒྱའི་སྐད་ཡིག་གི་སློབ་ཚན་བཙུགས་ཏེ་རྒྱལ་ཡོངས་སུ་སྤྱི་ཁྱབ་ཏུ་སྤྱོད་པའི་རྒྱ་སྐད་དང་རྒྱ་ཡིག་ཚད་ལྡན་ཅན་ཁྱབ་སྤེལ་གཏོང་རྒྱུ། མི་དམངས་སྲིད་གཞུང་རིམ་པ་ཁག་གིས་ནོར་སྲིད་ཐོག་ནས་གྲངས་ཉུང་མི་རིགས་ཀྱི་ཡི་གེའི་སློབ་དེབ་དང་དཔེ་སྐྲུན་ཡིག་རིགས་རྩོམ་སྒྱུར་དང་དཔེ་སྐྲུན་ལས་ཀར་རོགས་སྐྱོར་བྱ་དགོས།
དོན་ཚན་བཅུ་པར་འཁོད་དོན། མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་ས་གནས་དེ་གའི་མི་རིགས་ཁག་ཚང་མར་རང་ཉིད་ཀྱི་སྐད་ཡིག་བེད་སྤྱོད་དང་དར་རྒྱས་སུ་གཏོང་བའི་རང་དབང་ཡོད་པ་དང༌། རང་ཉིད་ཀྱི་ཡུལ་སྲོལ་གོམས་གཤིས་སྔར་མུས་འཛིན་པའམ་བསྒྱུར་བཅོས་བྱེད་པའི་རང་དབང་ཡོད་པར་འགན་སྲུང་བྱ་རྒྱུ། དོན་ཚན་ཉེར་གཅིག་པར་འཁོད་དོན། མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་ལས་འགན་སྒྲུབ་སྐབས་མི་རིགས་རང་སྐྱོང་ས་གནས་དེ་གའི་རང་སྐྱོང་སྲོལ་ཡིག་ནང་གསལ་གཏན་འབེབས་ལྟར་ས་གནས་དེ་གར་ཐུན་མོང་དུ་སྤྱོད་པའི་སྐད་ཡིག་རིགས་གཅིག་གམ་ཁ་ཤས་སྤྱོད་རྒྱུ་དང༌། ཐུན་མོང་དུ་སྤྱོད་པའི་སྐད་ཡིག་རིགས་ཁ་ཤས་ཀྱི་ཐོག་ནས་ལས་འགན་སྒྲུབ་སྐབས་ས་ཁོངས་རང་སྐྱོང་དངོས་སུ་བྱེད་པའི་མི་རིགས་དེའི་སྐད་ཡིག་གཙོ་བོར་བཟུང་ཆོག་ཅེས་པའོ།། །། 2010/10/30ཉིན།
ཁྱེད་ཅག་གིས་སྒོ་ཡོན་དང་། ཁོང་གི་རྩོམ་ཆོས་བཙོན་མཇུག་གི་མནར་གཅོད་ཅེས་པ་དེ་རྒྱུས་ལོན་བྱ་འདོད་ན་དྲྭ་ཐག་འདིར་ཕེབས་གནང་http://www.shambalapost.com/blog/viewpost/330
