རྒྱ་བོད་གཉིས་དབར་འབྲེལ་ལམ་འཕེལ་རྒྱས་འགྲོ་ཆེད་དུ་ཡིན།
ཟླ་འདིའི་ཚེས་༤ བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་བྱང་ཕྱོགས་ཀྱི་མངའ་སྡེ་ཧཱ་རི་ཡཱ་ནཱའི་ས་ཁུལ་སུའུ་རཱ་ཇི་ཀུན་ཌི་ནང་། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་དྲུག་པ་འཚོག་རྒྱུ་ཡིན་པ་དང། སྐབས་དེར་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་ཁག་དང། རྒྱ་གར་གྱི་གནད་ཡོད་མི་སྣའང་ཚོགས་འདུ་དེར་ཞུགས་ཀྱི་ཡོད་འདུག བོད་ཀྱི་གནད་དོན་གྱི་ཆེད་དུ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་དེ། བོད་དོན་ལ་ཧ་ཅང་གལ་ཆེན་ཆགས་ཡོད་པས། ༧གོང་ས་མཆོག་དང་རྒྱ་གར་གྱི་སྲིད་བློན་གཞོན་པ་ཟུར་པ་སྐུ་ཞབས་ལ་ལི་ཀི་ཤིར་ན་ཨ་ཌི་ཝ་ནི་རྣམ་གཉིས། མཛད་སྒོའི་སྐུ་མགྲོན་དུ་ཆིབས་བསྒྱུར་གནང་རྒྱུ་ཡིན་པ་དང། བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་རྒྱུ་ཡིན་པ་རེད།
ཚོགས་འདུ་དེའི་ནང་རྒྱལ་ཁབ་༥༧ ཙམ་གྱི་འཐུས་མི་༢༥༠ ལྷག་ཙམ་ཚོགས་ཞུགས་བྱེད་རྒྱུ་ཡིན་པ་དང། འཐུས་མི་ནང་ནས་ཧི་མ་ཅལ་མངའ་སྡེའི་བློན་ཆེན་ཟུར་པ་དང། ཨུ་རུ་སུ་སོགས་ཀྱི་གྲོས་ཚོགས་འཐུས་མི། དེ་བཞིན་ཧྥི་ལིབ་པིན་སོགས་ཀྱི་གྲོས་ཚོགས་གོང་མའི་འཐུས་མི་སོགས། རྒྱལ་ཁབ་འདྲ་མིན་གྱི་གནད་ཡོད་མི་སྣ་མང་པོ་ཕེབས་ཀྱི་ཡོད་པ་དང། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ནང་འཛུལ་ཞུགས་གནང་མཁན་རྒྱ་གར་གྱི་མཁས་དབང་ཊིར་ཀ་མཆོག་གིས། “ད་ཐེངས་ཀྱི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུའི་ཐོག ད་ལྟའི་བོད་ནང་གི་གནས་བབས་དང་། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་བརྒྱུད་ནས། རྒྱ་བོད་གཉིས་དབར་འབྲེལ་ལམ་གསར་པ་འཕེལ་རྒྱས་འགྲོ་ཆེད་དང་ནུས་ཤུགས་རྒྱ་བསྐྱེད་གཏོང་ཆེད་དུ། གྲོས་མོལ་ལྷུག་པོ་གནང་རྒྱུ་ཡིན་པ་རེད་”ཅེས་གསུངས་ཡོད་པ་རེད།
རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་འདི་འདྲ་བ་༡༩༩༠ ལོར་དྷ་ས་དང། ༡༩༩༦ ལོར་བྷོན་Bonn ནང་། ༢༠༠༠ ལོར་འཇར་མན། ༢༠༠༣ ལོར་པིར་གྷུའུ་Prague ནང་། ༢༠༠༧ བྷུ་རུའུ་སལ་ Brussels ནང་། ༢༠༠༨ ལོར་རྒྱ་གར་ནང་དམིགས་བསལ་གྱི་ལྷན་འཛོམས་བཅས་གནང་ཡོད་པ་རེད།།{jcomments on}