ཧྥ་རན་སི་དང་རྒྱ་ནག་གི་སྲིད་འཛིན་ཚོང་འབྲེལ་ཆེད་ཐུག་འཕྲད།

ཟླ་འདིའི་ཚེས་༤ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཚེས་༣ ནས་ཉིན་གྲངས་གསུམ་རིང་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ཧྥ་རན་སིའི་ནང་བསྐོར་བསྐྱོད་བྱེད་ཀྱི་ཡོད་ཅིང་། ༢༠༠༨ ལོར་བོད་ནང་གྱེན་ལངས་ཆེན་པོ་བྱས་པ་དང་དེ་བཞིན་རྒྱ་ནག་ཏུ་ཨོ་ལི་པིག་རྩེད་འགྲན་སླེབས་ལ་ཉེ་བའི་སྐབས། ཧྤ་རན་སིའི་སྲིད་འཛིན་སཱར་ཀོ་རྫི་མཆོག་གིས་རྒྱ་ནག་ལ་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་པ་དང། དེའི་རྗེས་སུ་༧གོང་ས་མཆོག་དང་ཧྥ་རན་སིའི་སྲིད་འཛིན་རྣམ་གཉིས་མཇལ་འཕྲད་བྱས་པ་སོགས་ཀྱིས་མཚོན། རྒྱ་ནག་དང་ཧྥ་རན་སི་གཉིས་དབར་འབྲེལ་ལམ་སྡུག་ཏུ་སོང་ནས། ཡུ་རོབ་མཉམ་འབྲེལ་གྱི་ཚོགས་འདུ་ཞིག་གི་སྐབས། རྒྱ་ནག་གི་སྐུ་ཚབ་གདན་ཞུ་བྱས་ཡོད་ཀྱང་འཛུལ་ཞུགས་བྱས་མེད་པ་རེད།

tibetan slogan in franceལོ་གཅིག་གི་སྔོན་ནས་འགོ་འཛུགས་ཀྱི་རྒྱལ་ཁབ་ཕྱོགས་གཉིས་ཀྱི་འབྲེལ་ལམ་བཟང་དུ་སོང་ཡོད་ཅིང་།  ད་ཐེངས་རྒྱ་ནག་གི་སྲིད་འཛིན་ལ་ཧྥ་རན་སི་གཞུང་ཕྱོགས་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་དང།  དེང་སྐབས་ཧྤ་རན་སི་རྒྱལ་ཁབ་རྒྱ་ནག་གི་བཟོ་གྲྭ་ཁག་གིས་ཅ་དངོས་ནང་འདྲེན་བྱེད་ས་ཆེ་ཤོས་ཀྱི་གྲས་ཡིན་པས། སྲིད་འཛིན་གཉིས་ཐུག་འཕྲད་འདི་དང་བསྟུན་ནས། རླངས་འཁོར་དང་གློག་རྡུལ་འཕྲུལ་ཆས་སོགས་ཅ་དངོས་མང་པོའི་ཚོང་འབྲེལ་གསར་འཛུགས་ཀྱིས། ཡུ་སྒོར་ཐེར་འབུམ་མང་པོའི་ཚོང་ལས་ཀྱི་གན་རྒྱ་བཞག་ཡོད་འདུག ཧྥ་རན་སིའི་སྲིད་འཛིན་གྱིས། “སྤྱི་སྙོམས་མ་ཡིན་པའི་རྒྱ་ནག་གི་ཚོང་ལས་ལ་བསྒྱུར་བཅོས་དགོས་པ་དང། རྒྱ་ནག་གི་དངུལ་ལོའི་འཛའ་ཐང་དེ་སྔོན་དུས་ལྟར་རང་སོར་བཞག་ན། འཛམ་གླིང་རྒྱལ་ཁབ་མང་པོའི་ཚོང་ཟོག་ཕྱིར་གཏོང་ལ་དཀའ་ངལ་དང། ལུང་པ་དེ་དང་དེར་ལས་མེད་འབོར་ཆེན་ཡོང་གི་ཡོད་པས། རྒྱ་ནག་གཞུང་ཕྱོགས་ནས་འདིའི་ཐད་ལ་བསྒྱུར་བཅོས་ཀྱི་བསམ་བློ་གུ་ཡངས་གཏོང་དགོས་”ཞེས་བརྗོད་ཡོད་པ་རེད།

ཡང་ཁོང་གིས། “བདུན་ཕྲག་རྗེས་མར་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་༢༠ ལྷན་འཛིམས་ཀྱིས། འཛམ་གླིང་ཁྲོམ་རར་གཙོ་བོར་དམིགས་ནས། ཚོགས་འདུ་ཆེན་པོ་ཞིག་འཚོག་གཏན་ཁེལ་ཡོད་པས། སྐབས་དེར་རྒྱ་ནག་གི་དངུལ་ལོའི་འཛའ་ཐང་སོགས་ཀྱི་ཐད་ལ་ཞི་མོལ་ཡོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་”ཅེས་གསུངས་ཡོད་པ་རེད། ད་ཐེངས་ཀྱི་སྲིད་འཛིན་གཉིས་ཐུག་འཕྲད་སྐབས་གསར་འགོད་གསལ་བསྒྲགས་སོགས་གང་ཡང་བྱས་མེད་པ་དང། བོད་ཀྱི་གནད་དོན་དང། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་སྨྲ་བརྗོད་རང་དབང་གི་སྐོར། བཙོན་ཁང་ནང་ཡོད་པའི་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ལིའུ་ཞོ་པོ་བཅས་ཀྱི་སྐོར་ལ། གསར་འགོད་པ་སུ་གཅིག་ལ་དམིགས་སུ་བཀར་ནས་སྲིད་འཛིན་ཧུའུ་ཅིན་ཐའོ་ལ་དྲི་བ་གཏོང་བཅུག་མེད་པའི་གནས་ཚུལ་ཐོན་ཡོད་པ་རེད།

{jcomments on}