བོད་དོན་ཆེད་དུ་ལོངས་ཤོག
ཟླ་འདིའི་ཚེས་༤ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཚེས་༩ ནས་ཉིན་གྲངས་གཉིས་རིང། དབྱིན་ཇིའི་སྲིད་བློན་གསར་པ་ཌ་ཝི་ཁཱ་མི་རོན་དང་ལྷན་དུ། དབྱིན་གཞུང་གི་གནད་ཡོད་མི་སྣ་འབོར་ཆེན་ཞིག་གཞུང་འབྲེལ་ཐོག་ནས་རྒྱ་ནག་ཏུ་བསྐྱོད་འཆར་ཡོད་པ་དེ་ནི། ལོ་འདིའི་ཟླ་བ་༥ ནང་དབྱིན་ཇིའི་སྲིད་བློན་ཌ་ཝི་ཁཱ་མི་མཆོག་གིས། དབྱིན་གཞུང་འཛིན་སྐྱོང་གི་འགན་འཁུར་ནས་རྒྱ་ནག་ཏུ་བསྐྱོད་པ་ཐོག་མ་ཆགས་ཀྱི་ཡོད་པ་དང། སྲིད་བློན་ཁོང་དང་ལྷན་དུ་དབྱིན་ཇིའི་ཤེས་ཡོན་པ་དང། གནམ་གཤིས་འགྱུར་ལྡོག་རྟོག་ཞིབ་ལྷན་ཚོགས། དབུས་ཚོང་ལས་སྡེ་ཚན། གསར་གཏོད་ཐོན་སྐྱེད་ལས་ཁང་སོགས་ཀྱི་དྲུང་ཆེ་དང། དེ་མིན་གཞུང་གི་ཆབ་སྲིད་མི་སྣ་གནད་ཡོད་བཅས་ཁྱོན་མི་གྲངས་༥༠ ལྷག་ཙམ་བསྐྱོད་འཆར་ཡོད་པ་དེ། ད་ལྟའི་བར་དབྱིན་ཇིའི་ལོ་རྒྱུས་ནང་གཞུང་འབྲེལ་མི་སྣ་རྒྱ་ནག་ཏུ་སྐུ་ཚབ་བསྐྱོད་པ་འབོར་ཆེ་ཤོས་དེ་ཆགས་ཡོད་པ་རེད།
དབྱིན་ཇིའི་སྲིད་བློན་མཆོག་གིས་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅི་ཐའོ་དང་ཝོན་ཅ་པོ་སོགས། རྒྱ་ནག་གི་དཔོན་རིགས་ཁག་དང་ལྷན་དུ་གནད་དོན་མང་པོ་ཞིག་གི་ཐོག་ལ་གྲོས་བསྡུར་བྱེད་འཆར་ཡོད་པས། ད་ལྟའི་སྐབས་ནུབ་ཕྱོགས་རྒྱལ་ཁབ་མང་པོས། ཞི་བདེའི་གཟེངས་རྟགས་ཐོབ་མཁན་ལིའུ་ཞ་པོ་བཙོན་གྲོལ་ཐོབ་ཆེད་དུ། དབྱིན་ཇིའི་སྲིད་བློན་མཆོག་གིས་ངེས་པར་དུ་རྒྱ་ནག་གི་དཔོན་རིགས་ཚོར་ནན་བརྗོད་བྱེད་དགོས་ཞེས་དྲན་སྐུལ་བྱས་ཡོད་པ་དང། དེ་བཞིན་དབྱིན་ཡུལ་དུ་རྟེན་གཞི་བྱས་ཡོད་པའི་བོད་རང་དབང་རྒྱབ་སྐྱོར་ཚོགས་པས། དྲ་ལམ་བརྒྱུད་ནས་དབྱིན་ཇིའི་སྲིད་བློན་མཆོག་ལ། “བོད་པའི་ཆེད་དུ་ལོངས་ཤོག་”ཅེས་འཁོད་ཡོད་པའི་ཞུ་གཏུག་སྙན་ཞུ་ཕུལ་བའི་ལས་འགུལ་ཞིག་སྤེལ་ཡོད་པ་དང། ལས་འགུལ་དེའི་ནང་བོད་རང་དབང་རྒྱབ་སྐྱོར་ཚོགས་པས་རེ་སྐུལ་ཞུས་པ་བཞིན། མི་སྟོང་ཕྲག་བརྒལ་བ་འཛུལ་ཞུགས་ཀྱིས་དབྱིན་ཇིའི་སྲིད་བློན་ལ་བོད་པའི་ཆེད་དུ་ལོངས་ཤོག་ཟེར་ནས་སྙན་ཞུ་བཏང་ཡོད་པ་དང། སྙན་ཞུ་དེ་དག་ནང་བོད་མི་ཚོས་རང་ཉིད་ཀྱི་མ་འོངས་པར་རང་ཉིད་ཀྱིས་ཐག་གཅོད་བྱེད་ཆོག་པའི་ཐོབ་ཐང་དགོས་ཞེས་སོགས་འཁོད་ཡོད་པ་རེད།
གསར་འགྱུར་དབྱེ་ཞིབ་པ་ཚོས། ཉེ་དུས་དབྱིན་ཇི་གཞུང་གིས་བོད་རྒྱ་ནག་གི་ཆ་ཤས་རེད་ཅེས་བརྗོད་ནས། བོད་དོན་རྒྱབ་སྐྱོར་ཚོགས་པ་མང་པོས་ངོ་རྒོལ་བྱས་ཡོད་པ་དང། དེ་དང་ལྷན་དུ་དབྱིན་གཞུང་གིས་བོད་རྒྱའི་དབར་གྲོས་མོལ་ཡོང་རྒྱུར་འབད་བརྩོད་བྱེད་ཀྱི་ཡོད་ཅིང། དེང་སྐབས་བོད་ནང་སློབ་ཕྲུག་སྟོང་ཕྲག་མང་པོས་སྐད་ཡིག་རང་དབང་གི་ཐོབ་ཐང་དགོས་པའི་གྱེན་ལངས་ཆེན་པོ་བྱེད་ཀྱི་ཡོད་པ་དང། དབྱིན་ཇིའི་སྲིད་བློན་རྒྱ་ནག་ཏུ་བསྐོར་བསྐྱོད་འགྲོ་བ་དང་བསྟུན་ནས། སློབ་མ་དེ་དག་གི་གནས་བབས་དང་བོད་ཀྱི་གནད་དོན་ལ་སྐད་ཆ་བཤད་དགོས་ངེས་རེད་ཅེས་བརྗོད་ཡོད་པ་རེད།{jcomments on}