འཛམ་གླིང་སྤྱིའི་རིག་གནས་ཆེན་པོ་ཞིག་ཉམས་ཆག་ཏུ་སོང་བ་རེད།

ཟླ་འདིའི་ཚེས་༥ ཉིན་༸གོང་ས་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པ་ནས་ཉི་ཧོང་དུ་ཆིབས་སྒྱུར་བསྐྱངས་ཡོད་པ་དང། ཕྱི་ཚེས་༦ ཉིན་གྱི་སྔ་དྲོ་ཉི་ཧོང་གི་རྒྱལ་ས་ཊོག་ཀྱོ་ན་རི་ཏ་གནམ་ཐང་དུ་༸ཞབས་སོར་འཁོད་སྐབས་ཉི་ཧོང་བོད་གཞུང་སྐུ་ཚབ་དོན་གཅོད་ལྷག་པ་མཚོ་སྒོ་ལགས་དང་འབྲེལ་ཡོད་མི་སྣ་ཁག་གིས་སྣེ་ལེན་གྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་རེད།

གནམ་ཐང་དུ་གསར་འགོད་པ་ཁག་གཅིག་གིས་ཉི་ཧོང་དང་རྒྱ་ནག་དབར་ཉེ་ལམ་མཚོ་གླིང་དང་འབྲེལ་བའི་རྩོད་རྙོག་དང་རྒྱ་ནག་གི་རྩོམ་པ་པོ་གྲགས་ཅན་སྐུ་ཞབས་ལིའུ་ཞའོ་པོ་སོགས་ཀྱི་གནད་དོན་སྐོར་ལ་དྲི་བ་ཁག་གཅིག་ཕུལ་བར་བཀའ་ལན་གནང་ཡོད་པ་མ་ཟད། བོད་ནང་དུ་ཉེ་ཆར་སློབ་མའི་ཞི་རྒོལ་སྐོར་ལ་བཀའ་ལན་གནང་དོན། བོད་ཀྱི་སྐད་ཡིག་དེ་རྒྱ་གར་གྱི་ལེགས་སྦྱར་གྱི་སྐད་ཡིག་དང་མཉམ་པའི་ཕྱུག་པོ་དང་སྤུས་ཚད་མཐོ་བོ་ཡོད་པ་ཞིག་ཡིན་ལ། ལེགས་སྦྱར་གྱི་སྐད་ཡིག་ནས་བོད་ཡིག་ནང་ཕབ་བསྒྱུར་བྱས་པའི་སངས་རྒྱས་བཀའ་བསྟན་འགྱུར་དང་། ནང་ཆོས་ཀྱི་གཞུང་གཞན་དག་གི་སྤུས་ཚད་ཧ་ཅང་མཐོ་བོ་ཡིན་པ་ཡོངས་གྲགས་ཡིན་སྟབས། བོད་ཡིག་བོད་སྐད་སྲུང་སྐྱོབ་ཟེར་བ་དེ་བོད་མི་གཅིག་པུའི་འགན་འཁྲི་ཙམ་མ་ཡིན་པར། འདི་ལ་དཀའ་རྙོག་ཅིག་བྱུང་བ་ཡིན་ན་འཛམ་གླིང་སྤྱིའི་རིག་གནས་གལ་ཆེན་པོ་ཞིག་ཉམས་ཆགས་སུ་སོང་བ་ཡིན་སྟབས་འཛམ་གླིང་གི་མི་ཚང་མར་འགན་ཡོད་ཅེས་སོགས་བཀའ་ལན་གནང་ཡོད་འདུག

དེ་རྗེས་རྒྱལ་ས་ཊོཀ་ཀྱོའི་ཧིལ་ཊོན་མགྲོན་ཁང་དུ་སྐུ་ངལ་གསོ་གནང་མཛད་པ་དང་དེ་རྗེས་ཉི་ཧོང་གི་གྲོང་ཁྱེར་ཆེ་ཤོས་གཉིས་པ་ཨོ་ས་ཀོར་ཆིབས་བསྒྱུར་གནང་ཡོད་པ་རེད། ཕྱི་ཚེས་༧ ཉིན་ཨིན་ཊེ་སི་ཨོ་ས་ཀ་ཞེས་པའི་ཚོགས་ཁང་དུ་རྒྱལ་སྤྱིའི་གཞོན་ནུ་ལྷན་ཚོགསཀྱི་ཚོགས་མགོན་དུ་ཆིབས་སྒྱུར་བསྐྱངས་ཏེ་དུས་རབས་༢༡ གི་གཞོན་སྐྱེས་ཚོོར་ཞི་བའི་ལམ་སྟོན་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་ཡོད་པ་དང། ཉིན་རྒྱབ་ཏུ་གཞོན་སྐྱེས་ཚོའི་དྲི་བར་བཀའ་ལན་གནང་ཡོད་འདུག །

{jcomments on}