མ་འོངས་པའི་བདེ་འཇགས་ལ་འགན་སྲུང་ཐུབ་ཀྱི་རེད།

ཟླ་འདིའི་ཚེས་༧ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་སྲིད་འཛིན་ཨོ་བྷ་མས་ཨ་རིའི་འཛིན་སྐྱོང་གི་ཐུགས་འགན་བཞེས་ནས། ད་ཐེངས་རྒྱ་གར་དུ་གཞུང་འབྲེལ་གྱི་བསྐོར་བསྐྱོད་གནང་བ་ཐེངས་དང་པོ་ཆགས་ཡོད་པ་དང་། རྒྱ་གར་གྱི་གྲོང་ཁྱེར་བྷོམ་བྷེ་རུ་ཡོད་པའི་སྙན་གྲགས་ཅན་གྱི་ཏཱ་ཇི་མགྲོན་ཁང་དུ་བཞུགས་རིང་། ས་གནས་སྐོར་སྲུང་བ་སྟོང་ཕྲག་མང་པོས་མགྲོན་ཁང་གི་མཐའ་ཡོངས་རྫོགས་བསྐོར་ཡོད་པ་རེད། དེ་ཡང་༢༠༠༨ ལོར་མགྲོན་ཁང་དེའི་ནང་འཇིགས་སྐུལ་རིང་ལུགས་པའི་དྲག་སྤྱོད་ཀྱིས་མི་མང་པོ་རྐྱེན་ལམ་དུ་སོང་ཡོད་རུང། སྲིད་འཛིན་ཨོ་བྷ་མ་དང་བཟའ་ཟླ། ལས་རོགས་སོགས་མགྲོན་ཁང་དེའི་ནང་བཞུགས་པ་དེས། རྒྱ་གར་གྱི་ནུས་ཤུགས་དང་བདེ་འཇགས་མཚོན་གྱི་ཡོད་པ་རེད་ཅེས་ཨ་རིའི་སྲིད་འཛིན་གྱིས་གསུངས་ཡོད་པ་རེད།
འཛམ་གླིང་ནང་རྒྱ་གར་དང་ཨ་རི་གཉིས་མང་གཙོའི་རྒྱལ་ཁབ་ཆེ་ཤོས་ཆགས་ཀྱི་ཡོད་པ་དང། ཁ་ཆེའི་འཇིགས་སྐུལ་རིང་ལུགས་པར་ཁ་གཏད་གཅོག་མཁན་རྒྱལ་ཁབ་ཆེ་ཤོས་གཉིས་ཀྱང་ཆགས་ཡོད་པ་རེད། དེ་བཞིན་ཚོང་ལས་ཐད་ལོ་རེའི་ནང་ཨ་སྒོར་ཐེར་འབུམ་མང་པོས་ཚོང་ཟོག་ཕྱིར་གཏོང་ནང་འདྲེན་བྱེད་ཀྱི་ཡོད་ཅིང་། དམིགས་སུ་བཀར་ནས་འཛམ་གླིང་མ་རྐང་ཁྲོམ་ར་ཉམས་གུད་ཕྱིན་པའི་སྐབས། རྒྱ་གར་གྱི་ཁྲོམ་རར་དེ་ཙམ་ཤུགས་རྐྱེན་ཐེབས་མེད་པས། ཨ་རི་དང་རྒྱ་གར་གཉིས་དབར་ཚོང་ལས་ཀྱི་འབྲེལ་བ་གཏིང་ཟབ་ཏུ་སོང་ཡོད་པས། ད་ཐེངས་ཨ་རིའི་སྲིད་འཛིན་རྒྱ་གར་དུ་ཕེབས་དོན་ནི། ཚོང་ལས་དང་རྒྱལ་ཁབ་ཕྱོགས་གཉིས་ཀྱི་བདེ་འཇགས་སྲ་བརྟན་ཡོང་ཆེད་དུ་ཡིན་ཞེས་བརྗོད་ཡོད་པ་རེད།
སྲིད་འཛིན་ཨོ་བྷ་མཆོག་གིས། རྒྱ་གར་དང་ཨ་རི་གཉིས་ཟུང་འབྲེལ་ཐོག་ནས་འཇིགས་སྐུལ་དྲག་སྤྱོད་པར་ཁ་གཏད་གཅོག་དགོས་པ་དང། རྒྱ་གར་གཞུང་དང་པཱ་ཀི་སི་ཐན་གཉིས་ཀྱིས་གྲོས་མོལ་བརྒྱུད་ནས། ཕྱོགས་གཉིས་ཀྱི་དཀའ་ངལ་སེལ་ཐབས་སུ་འབད་བརྩོན་རིམ་བརྒྱུད་བྱས་ན། མ་འོངས་པའི་བདེ་འཇགས་ལ་འགན་སྲུང་ཐུབ་ཀྱི་རེད། ཨ་རི་གཞུང་གིས་པཱ་ཀི་སི་ཐན་གཞུང་ལ་རོགས་རམ་བྱེད་བཞིན་པ་དེ་བདེ་འཇགས་ཀྱི་ཆེད་དུ་ཡིན་ཞེས་གསུངས་ཡོད་པ་དང། རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་རའོ་མཆོག་གིས། དེ་རིང་གི་ལས་དོན་འདི་བརྒྱུད་ནས། རྒྱལ་ཁབ་ཕྱོགས་གཉིས་ལ་དོན་ཕན་ལྡན་པའི་ཚོང་ལས་འཕེལ་རྒྱས་དང།  དེའང་དུས་ཡུན་རིང་པའི་ནང་སྤྱི་སྙོམས་ཀྱི་ཐོག་ནས་གླིང་ཕྲན་ཁག་དང་། ས་ཡི་གོ་ལའི་ཐོག་གི་གནས་བབས་ལ་འགྱུར་ལྡོག་གཏོང་ཐུབ་པའི་རེ་བ་ཡོད་ཅེས་གསུངས་ཡོད་པ་རེད།
ཟླ་འདིའི་ཚེས་༧ ཉིན་ཏེ་ཨ་རིའི་སྲིད་འཛིན་རྒྱ་གར་དུ་ཉིན་གཉིས་པའི་སྐབས། མཁས་དབང་ཁག་དང་མཐོ་རིམ་སློབ་མ་༣༠༠ ལྷག་ཙམ་མཉམ་དུ་བགྲོ་གླེང་འཚོགས་ཡོད་པ་དང། སྐབས་དེར་སློབ་མ་ཞིག་གིས། ཨ་རི་གཞུང་གིས་པཱ་ཀི་སི་ཐན་འཇིགས་སྐུལ་དྲག་སྤྱོད་པའི་རྒྱལ་ཁབ་རེད་ཅེས་ཁྱབ་བསྒྲགས་མི་བྱེད་པའི་རྒྱུ་མཚན་གང་ཡིན་དྲིས་པའི་ལན་དུ། ང་ཚོས་པཱ་ཀི་སི་ཐན་ལྷན་དུ་ཕྱོགས་ལྷུང་རིང་ལུགས་པ་མེད་པ་བཟོ་རྒྱུའི་ཆེད་དུ་ལས་ཀ་བྱེད་དགོས་པ་དང། པཱ་ཀི་སི་ཐན་གཞུང་གི་ངོས་ནས་ཀྱང་བདེ་འཇགས་དང་ཞི་བདེ་གལ་ཆེན་འཛིན་གྱི་ཡོད་པ་རེད་ཅེས་གསུངས་ཡོད་པ་རེད། བགྲོ་གླེང་སྐབས་རྒྱ་གར་གྱི་ས་གནས་མང་པོའི་ནང་ཐད་གཏོང་བརྙན་འཕྲིན་བརྒྱུད་ནས། ཞིང་པ་དང་ལས་བཟོ་བ། སློབ་མ་སོགས་ལ་བགྲོ་གླེང་དུ་ལྟ་ཉན་དང། དྲི་བ་དྲིས་ལན་གྱི་གོ་སྐབས་ཕུལ་ཡོད་པ་རེད། སྲིད་འཛིན་ཨོ་བྷ་མས་རྒྱ་གར་གྱི་སོ་ནམ་ཞིང་ལས། རླུང་འཐེན་གློག་ཤུགས་སོགས་ལ་བསྟོད་སྔགས་བཏང་ཡོད་པ་རེད།
ཟླ་འདིའི་ཚེས་༨ ཉིན་ཏེ་ཉིན་གྲངས་མཐའ་མའི་སྐབས། རྒྱ་གར་གྲོས་ཚོགས་ཀྱི་དགུན་དུས་ཚོགས་དུས་དང་བསྟུན་ནས། སྲིད་འཛིན་ཨོ་བྷ་མ་མཆོག་གིས་རྒྱ་གར་གྲོས་ཚོགས་ནང་གསུང་བཤད་གནང་ཡོད་པ་དང།  ༢༠༠༦ ཨ་རིའི་སྲིད་འཛིན་ཟུར་པ་བྷུ་ཤུ་མཆོག་ལ་རྒྱ་གར་གྱི་གྲོས་ཚོགས་ནང་གསུང་བཤད་གནང་འདོད་ཡོད་རུང་། རྒྱ་གར་གཞུང་ཕྱོགས་ནས་གོ་སྐབས་ཕུལ་མེད་པ་དང། ད་ཐེངས་སྲིད་འཛིན་ཨོ་བྷ་མར་གོ་སྐབས་འདི་འདྲ་ཕུལ་བ་ཧ་ཅང་གི་མཐོང་ཆེན་གནང་བ་རེད་ཅེས་བརྗོད་ཀྱི་ཡོད་པ་དང།  ཟླ་འདིའི་ཚེས་༩ ནས་སྲིད་འཛིན་ཨོ་བྷ་མས་ཉི་ཧོང་དང་ལྷོ་ཀོ་རི་ཡ་བཅས་ཀྱི་ནང་བསྐོར་བསྐྱོད་བྱེད་ཀྱི་ཡོད་པ་རེད། ད་ཐེངས་སྲིད་འཛིན་མཆོག་གིས་ཨེ་ཤ་ཡའི་འབྱོར་ལྡན་རྒྱལ་ཁབ་ཁག་ལ་བསྐོར་བསྐྱོད་འདི་ལྟར་གནང་དོན། ཉེ་སྔོན་ཨ་རིའི་འོས་བསྡུ་བར་མའི་སྐབས། སྲིད་འཛིན་ཨོ་བྷ་མའི་མང་གཙོ་ཚོགས་པས་གྲོས་ཚོགས་གོང་འོག་གཉིས་ཀྱི་ཞབས་སྟེགས་མང་པོ་ཞིག ཕྱོགས་འགལ་སྤྱི་མཐུན་ཚོགས་པར་ཤོར་ནས་འཛིན་སྐྱོང་གི་ལས་དོན་ལ་དཀའ་ངལ་འཕྲད་བཞིན་ཡོད་པ་དང། སྲིད་འཛིན་ཨོ་བྷ་མར་འཛིན་སྐྱོང་གི་ལས་དོན་དུས་ཡུན་ལོ་༢ ཙམ་ལས་ལྷག་མེད་པས། གལ་ཏེ་དཔལ་འབྱོར་ཡར་རྒྱས་དང། ལས་མེད་ཚོའི་དཀའ་ངལ་མང་པོ་ཞིག་སེལ་མ་ཐུབ་ན། ཐེངས་རྗེས་མའི་སྲིད་འཛིན་འོས་བསྡུའི་སྐབས་མང་གཙོ་ཚོགས་པར་ཉེན་ཁ་ཆེན་པོ་འཕྲད་སྲིད་པས། དཀའ་ངལ་དེ་དག་སེལ་ཆེད་དུ་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ལ་ཚོང་འབྲེལ་སྲ་བརྟན་ཆེད་དུ་ཡོང་བ་རེད་ཅེས་བརྗོད་མཁན་བྱུང་ཡོད་པ་དང། ཡང་འགའ་རེས་ཨོ་བྷ་མས་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ཏུ་ལས་ཀ་འཚོལ་ཆེད་དུ་ཡོང་པ་རེད་ཅེས་ཟུར་ཟ་བྱེད་མཁན་ཡང་བྱུང་ཡོད་པ་རེད།།
{jcomments on}