འབར་མའི་མི་མང་ཉིས་ཁྲི་སྐྱབས་བཅོལ་ལ་འགྲོ་དགོས་བྱུང་འདུག
ཟླ་འདིའི་ཚེས་༩ ཉིན་བྷི་བྷི་སིའི་དྲ་ལམ་སྟེང་གནས་ཚུལ་སྤེལ་བ་ལྟར་ན། ལོ་༢༠ རྗེས་ལ་འབར་མའི་དམག་གཞུང་གིས་རྒྱལ་ཡོངས་ཆེན་མོ་ཐེངས་གཅིག་བྱས་ཡོད་པ་དང། དེ་ཡང་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་དང། ས་ཁུལ་ཁག་༡༤ ཙམ་གྱི་ས་གནས་གྲོས་ཚོགས་ཀྱི་འཐུས་མི་འོས་འཕེན་བྱས་ཡོད་པ་རེད། འོས་མི་གྲངས་༣༠༠༠ བྱུང་ཡོད་པའི་ནང་ནས་འབར་མའི་དམག་གཞུང་དང་འབྲེལ་ཆེ་བའི་ཆིག་སྒྲིལ་ཚོགས་པ་དང། ཡར་ཐོན་ཚོགས་པ་གཉིས་ཀྱི་འཐུས་མི་རྣམས་འོས་འདེམས་བྱས་ཡོད་པ་རེད།
སྐབས་དེར་བཀག་ཉར་འོག་ཏུ་ཡོད་པའི་ལྕམ་ཨང་སན་སུ་ཅེའི་མང་གཙོ་ཚོགས་པ་དང། དེ་མིན་གཞུང་ལ་ངོ་རྒོལ་བྱེད་མཁན་གྱི་ཚོགས་པ་རྣམས་ཀྱིས། འོས་འཕེན་དེ་དམག་གཞུང་གི་སྟངས་འཛིན་འོག་ཏུ་ཡོད་པ་དང་། འོས་མི་ཚོ་དམག་གཞུང་གི་གཞུང་ཞབས་པ་ཚོ་འོས་ཐོབ་ཆེད་དུ་གནས་སྐབས་ཙམ་གྱི་རིང། ལས་གནས་ནས་དགོངས་པ་ཞུས་ཏེ་འོས་ཁོངས་སུ་ཞུགས་ཡོད་པ། མང་གཙོ་ཚོགས་པའི་འཐུས་མི་རྣམས་འོས་ཁོངས་སུ་ཞུགས་མི་ཐུབ་པའི་ཆེད་དུ། འོས་བསྡུའི་སྒྲིག་གཞི་གསར་བཟོ་བྱས་པ་སོགས་ཀྱིས་མཚོན། འབར་མའི་འོས་བསྡུ་ཆེན་མོ་འདི་མང་གཙོ་ལམ་ལུགས་དང་མཐུན་པའི་འོས་བསྡུ་མིན་པ་སོགས་ཀྱི་བསྒྲགས་གཏམ་ཡིག་ཆ་དང། ངོ་རྒལ་གྱི་ལས་འགུལ་སྤེལ་སྐབས་གཞུང་གིས་དྲག་གནོན་བྱས་ཏེ། ངོ་རྒོལ་བ་དང་འབྲེལ་ཡོད་མི་གྲངས་༢༠༠༠༠ འབར་མའི་ཁྱིམ་མཚེས་རྒྱལ་ཁབ་ཀྱི་ས་མཚམས་ཁག་ཏུ་སྐྱབས་བཅོལ་ལ་འགྲོ་དགོས་བྱུང་ཡོད་པ་རེད།
ཐེ་ལན་ཌིའི་གཞུང་གི་ད་ལྟའི་སྐབས་ས་མཚམས་ཁག་ཏུ་ཡོད་པའི་འབར་མའི་སྐྱབས་བཅོལ་བ་ཚོའི་བདེ་འཇགས་ཡག་པོ་ཡོད་པ་དང། གནས་སྐབས་ཙམ་གྱི་ཁང་ཁྱིམ་བཟོས་ཏེ་ས་གནས་མཱ་སོ་ཊི་ནང་སྡོད་བཅུག་རྒྱུ་ཡིན་པའི་ཁྱབ་བསྒྲགས་བྱས་ཡོད་པ་རེད། དེ་དང་འབྲེལ་ནས་འབར་མའི་མང་གཙོ་ནང་པའི་དམག་དཔུང་ཚོགས་པས། སྐྱབས་བཅོལ་ལ་ཕྱིན་པ་ཚོར་རྒྱབ་སྐྱོར་དང་ཉེན་རྟོག་ལས་ཁུངས་དང་འོས་འཕེན་ལ་ངོ་རྒོལ་གྱི་ལས་འགུལ་ཡང་སྤེལ་ཡོད་ནའང། འབར་མའི་འོས་བསྡུའི་ཆེན་མོའི་སྐབས་ད་ལྟའི་འབར་མའི་དམག་གཞུང་ལ་བརྒྱ་ཆ་༨༠ ལྷག་ཙམ་གྱི་རྒྱལ་ཁ་ཐོབ་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།།
{jcomments on}