བལ་ཡུལ་གྱི་ཉེན་རྟོག་པ་དང་འཛིན་སྐྱོང་མི་སྣར་རྒྱ་གཞུང་གི་སྦྱོང་བརྡར།

ཟླ་འདིའི་ཚེས་༡༠ བལ་ཡུལ་གྱི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། བལ་ཡུལ་དང་རྒྱ་ནག་གཞུང་གཉིས་དབར་འབྲེལ་ལམ་བཟང་དུ་འགྲོ་བཞིན་ཡོད་པ་དང། ཉེ་སྔོན་བལ་ཡུལ་གྱི་དཔོན་རིགས་ཁག་ཅིག་པེ་ཅིང་སོགས་སུ་སྐོར་བསྐྱོད་བྱས་ནས། བོད་རྒྱ་ནག་གི་ས་ཁུལ་གྱི་ཆ་ཤས་སུ་ངོས་འཛིན་བྱས་པ་དང་འབྲེལ་ནས། བལ་ཡུལ་དུ་སྐྱབས་བཅོལ་ལ་ཡོད་པའི་བོད་མི་ཚོར། རྒྱ་ནག་གཅིག་གི་ལངས་ཕྱོགས་ལ་གནོད་པའི་ལས་འགུལ་གང་ཡང་སྤེལ་བཅུག་རྒྱུ་མིན་པ་ཁས་ལེན་བྱས་ཡོད་པ་དང། དེ་བཞིན་རྒྱ་ནག་གཞུང་ཕྱོགས་ནས། འབྱུང་འགྱུར་བལ་ཡུལ་དང་ལྷན་དུ་ཚོང་ལས་སྲ་བརྟན་དང་དགོས་མཁོ་བྱུང་ཚེ་མཐུན་རྐྱེན་སྤྲད་རྒྱུ། ཕན་ཚུན་རིག་གནས་བརྗེ་རེས་སོགས་ཀྱི་ལས་འགུལ་སྣ་མང་སྤེལ་རྒྱུ་འཆར་འགོད་བྱས་ཡོད་པ་རེད།

ད་ཐེངས་རྒྱ་ནག་གཞུང་གིས་མགྲོན་འབོད་བྱས་པ་ལྟར། བལ་ཡུལ་ས་ཁུལ་གྱི་རྫོང་ཁག་ Rasuwa, Sindhupalchowk, Dolakha, Mustang and Solukhumbhu བཅས་ཀྱི་ཉེན་རྟོག་པ་དང་རྫོང་དཔོན། འཛིན་སྐྱོང་མི་སྣ་ཁག་ཅིག་པེ་ཅིང་དུ་ཆེད་བསྐྱོད་ཀྱིས། རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་མཁན་ཚོ་དུས་ཐོག་ཇི་ལྟར་བཀག་འགོག་བྱེད་དགོས་པ་དང་། དམིགས་སུ་བཀར་ནས་བལ་ཡུལ་དུ་གནས་སྡོད་བོད་མི་སྐྱབས་བཅོལ་བ་ཚོས། དུས་ནས་དུས་སུ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་སྐབས་ཚུལ་ཇི་ལྟར་བཀག་འགོག་བྱེད་དགོས་མིན་ཐད་བདུན་གཉིས་རིང་སྦྱོང་བརྡར་སྤྲོད་བཞིན་ཡོད་པ་རེད།

བལ་ཡུལ་གྱི་ནང་སྲིད་བློན་ཆེན་མཱོ་ཧཱ་ཡིས། “ད་ཐེངས་ཀྱི་སྦྱོང་བརྡ་འདི་པེ་ཅིང་གཞུང་གིས་སེམས་འཚབ་བྱེད་བཞིན་པའི་གནད་དོན་དང་འབྲེལ་བ་ཡོད་པ་དང། བལ་ཡུལ་གཞུང་གིས་རྒྱ་ནག་དང་ལྷན་དུ་འབྲེལ་ལམ་ཇི་ལྟར་འཛིན་འདོད་ཀྱང། ངོ་རྒོལ་བ་དང་ལས་འགུལ་བ་ཚོས་ཕྱོགས་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོགས་གཏོང་གི་ཡོད་པས། དེ་དག་མི་ཡོང་བའི་ཆེད་དུ་སྦྱོང་བརྡར་འདི་གཉེར་གྱི་ཡོད་པ་རེད་”ཅེས་བརྗོད་ཡོད་པ་རེད། རྒྱ་ནག་ཕྱོགས་ནས་༢༠༠༨ ལོ་ནས་བལ་བོད་ཀྱི་ས་མཚམས་སུ་བལ་ཡུལ་གྱི་ཉེན་རྟོག་གྲངས་མང་དུ་བཏང་ནས། བོད་ནས་སྐྱབས་བཅོལ་ལ་ཡོང་མཁན་ཚོ་བཀག་འགོག་དང་འཛིན་བཟུང་བྱེད་དགོས་པའི་རེ་འདུན་བྱས་པ་བཞིན། བལ་བོད་ཀྱི་ས་མཚམས་སུ་དམ་དྲག་ཆེ་རུ་བཏང་ཡོད་པ་རེད།

ཉེ་དུས་སླར་ཡང་རྒྱ་ནག་གཞུང་གིས། བོད་ནས་བལ་ཡུལ་དང་རྒྱ་གར་དུ་སྐྱབས་བཅོལ་ལ་འགྲོ་མཁན་དང་། ཡང་སྐྱབས་བཅོལ་བའི་ཕྱོགས་ནས་བོད་ནང་ཤུགས་རྐྱེན་མི་ཐེབས་པའི་ཆེད་དུ། བལ་བོད་ཀྱི་ས་མཚམས་སུ་བལ་ཡུལ་གྱི་དམག་མི་༡༠༠༠༠ ལྷག་ཙམ་འཇོག་དགོས་པའི་རེ་འདུན་བཏོན་ཡོད་པ་དང།  དེ་དང་འབྲེལ་ནས་དམག་གི་དགོས་མཁོ་དང་ལས་དོན་འཆར་འགོད་ལ། རྒྱ་ནག་གཞུང་ཕྱོགས་ནས་རོགས་རམ་གང་ཐུབ་བྱེད་རྒྱུ་ཡིན་པའི་ཁས་ལེན་བྱས་ཡོད་པ་རེད།