ཨེ་ཤ་ཡའི་རྩེད་འགྲན་དེ་རྒྱ་ནག་ཏུ་འཚོག་རྒྱུའི་ཐོབ་ཐང་མེད།
དེ་རིང་ཕྱི་དྲོ་ཆུ་ཚོད་༥ པའི་ཐོག་བོད་ཀྱི་དབུས་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་ཏུ་ཨེ་ཤ་ཡའི་རྩེད་འགྲན་འཚོག་ངོ་རྒོལ་ཆེད་སྦག་སྦག་སྐོར་བསྐྱོད་ཀྱི་ལས་འགུལ་ཞིག་གོ་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ཁང་གི་བོད་ཀྱི་དཔའ་བོ་རྡོ་རིང་ས་ནས་འགོ་འཛུགས་བྱས་སོང་། ཚེས་༡༥ ཉིན་ལྡི་ལིར་འབྱོར་གྱི་ཡོད་པ་རེད།
ལས་འགུལ་འགོ་འཛུགས་མཛད་སྒོའི་ཐོག་གཞོན་ལྷན་གྱི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཀྱིས་ཉིན་དེའི་གསལ་བསྒྲགས་སྒྲོགས་སྦྱང་གནང་བ་དང། སྦག་སྦག་དྲུག་གོ་སྒྲིག་གིས་ནོར་གླེང་དུ་བསྐྱོད་པ་དང་། དེར་འབྱོར་སྐབས་ཚོགས་གཞོན་དོན་གྲུབ་ལྷ་དར་གྱིས་མི་མང་ལ་ལས་འགུལ་གྱི་དམིགས་ཡུལ་མདོར་བསྡུས་ཤིག་ངོ་སྤྲོད་གནང་སོང་།
གཞོན་ལྷན་གྱི་གསལ་བསྒྲགས་ནང་འཁོད་དོན། སྤྱིར་རྒྱལ་སྤྱིའི་རྩེད་འགྲན་ཁག་གི་དམིགས་ཡུལ་ནི། རང་དབང་དང་དྲང་བདེན་དར་སྤེལ་གཏོང་ཆེད་ཡིན་པ་དང་། དམིགས་བསལ་ཨེ་ཤ་ཡའི་རྩེད་འགྲན་ཆེན་མོ་ནི་གླེང་ཆེན་ཨེ་ཤ་ཡའི་རྒྱལ་ཁབ་སྟོབས་ཤུགས་ཆེ་བ་ཚོས་སྟོབས་ཤུགས་ཆུང་རིགས་ལ་རོགས་རམ་དང་ཕན་ཚུན་བསམ་ཤེས། མཛའ་མཐུན་སོགས་གཏིང་ཟབ་ཏུ་གཏོང་རྒྱུ་དང། སྟོབས་ཤུགས་ཆུང་བའི་རྒྱལ་ཁབ་རིགས་བསྐྱར་སྐྲུན་ལ་རོགས་རམ་སོགས། འགྲོ་བ་མིའི་བཟང་སྤྱོད་ཀྱི་རིན་ཐང་གོང་འཕེལ་སྐུལ་འདེད་བྱེད་པའི་འདུ་ཚོགས་གལ་ཆེན་ཞིག་ཡིན་པ་དང་། ད་ལྟའི་རྩེད་འགྲན་གལ་ཆེན་དེའི་མགྲོན་བདག་ལ་མ་འཐར་ཚང་དགོས་པའི་ཆ་རྐྱེན་ནི། གོང་གསལ་འགྲོ་བ་མིའི་བཟང་སྤྱོད་ཁག་ལ་བརྩི་སྲུང་ལག་བསྟར་བྱེད་མཁན་ཞིག་ངེས་པར་དུ་ཡིན་དགོས་ཞེས་འཁོད་འདུག གསལ་བསྒྲགས་དེའི་ནང་མུ་མཐུད་འཁོད་དོན། ༡༩༥༩ ལོ་ནས་བོད་རྒྱལ་ཁབ་ལ་རྒྱ་ནག་གིས་བཙན་འཛུལ་བྱས་པ་དང་། ཉེས་མེད་བོད་མི་འབུམ་འཕྲག་གི་ཚེ་སྲོག་ཕྲོགས་པ་མ་ཟད། ད་ལྟའི་ཆར་བོད་རྒྱལ་ཁབ་མུ་མཐུད་གཙན་བཟུང་གིས་བོད་མི་བརྒྱ་ཕྲག་དུ་མར་བཟོད་དཀའ་བའི་མནར་གཅོད་འོག་བཙོན་འཇུག་དང་ཁྲོམས་ཆད་སྣ་ཚོགས་གཅོད་གཞིན་པ། བོད་ཡུལ་ཁྱོན་ཡོངས་ལ་གཞི་རྩའི་རང་དབང་ཙམ་ཡང་མེད་པར། རྒྱ་མི་རིགས་བོད་དུ་གནས་སྤོ་དང་གཏེར་ཁ་སྔོན་འདོན་སོགས་མི་སེར་སྤེལ་བའི་སྲིད་ཇུས་འོག བོད་ཡུལ་རྒྱ་ཡུལ་དུ་བསྒྱུར་བཞིན་པ་མ་ཟད། བོད་ཀྱི་ཁོར་ཡུག་གཏོར་བརླག་གིས་ཨེ་ཤ་ཡ་ཁྱོན་ཡོངས་ལ་རོགས་རམ་གྱི་ཚབ་ཏུ་ཉེན་ཁ་བཟོ་བཞིན་ཡོད།
རང་དབང་དང་། དྲང་བདེན། ཞི་བདེའི་འབོད་ཚིག་ཇི་ལྟར་བསྒྲགས་ཀྱང་། དོན་དངོས་ཐོག་མི་སེར་སྤེལ་བའི་གདུག་རྩུབ་དང་བཙན་འཛུལ་གྱི་གནས་སྟངས་ད་དུང་ཡང་བོད་ནང་མཇུག་བསྒྲིལ་མེད་པས། ཨེ་ཤ་ཡའི་རྩེད་འགྲན་རྒྱ་ནག་ཏུ་ཚོགས་པར་བཟང་སྤྱོད་ཀྱི་འོས་བབ་མེད། དེར་བརྟེན་གླིང་ཆེན་ཨེ་ཤ་ཡའི་རྒྱལ་ཁབ་གལ་ཆེན་བོད་ཀྱི་ངོས་ནས་རྩེད་འགྲན་དེ་རྒྱ་ནག་ཏུ་འཚོགས་པར་ངོས་ལེན་གཏན་ནས་མེད་པ་གསལ་འདོན་ཞུ་རྒྱུ་ཡིན་ཞེས་སོགས་འཁོད་འདུག །
{jcomments on}