ཉམས་མྱོང་དེ་མཐའ་མ་ཞིག་ཆགས་རྒྱུའི་ཡིད་ཆེས་བརྟན་པོ་ཡོད།
ཕྱི་ལོ་༡༩༤༥ ལོར་རྡུལ་ཕྲན་མཚོན་ཆའི་གོད་ཆགས་དངོས་སུ་འཕྲད་མྱོང་མཁན་ལོ་ན་༧༠ བརྒལ་བའི་སྐུ་ཞབས་ཨ་ཀི་ཧི་རོ་ཏ་ཀ་ཧ་ཤི་ལགས་ཀྱིས་དཀའ་སྡུག་དངོས་སུ་མྱངས་པའི་ལོ་རྒྱུས་རྣམས་གསལ་བཤད་གནང་བ་མ་ཟད། རྡུལ་ཕྲན་མཚོན་ཆས་ཧི་རོ་ཤི་མའི་མི་མང་ཚོར་གནོད་སྐྱོན་ཇི་འདྲ་བཏང་བའི་གནས་ཚུལ་རྣམས་གྱང་ངོས་སུ་ལག་བྲིས་ཀྱི་རི་མོའི་ལམ་ནས་གསལ་སྟོན་བྱས་ཡོད་འདུག དེ་རྗེས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་གྱི་སྐུ་མགྲོན་རྣམས་རེ་རེ་བཞིན་མང་ཚོགས་ལ་ངོ་སྤྲོད་གནང་རྗེས། གྲོང་ཁྱེར་ཧི་རོ་ཤི་མའི་སྤྱི་ཁྱབ་པ་སྐུ་ཞབས་ཏ་ཌ་ཏོ་ཤི་ཨ་ཀི་བྷ་མཆོག་དང་རྡུལ་ཕྲན་མཚོན་ཆ་གཉིས་པ་གཡུགས་ས་ཉི་ཧོང་གི་གྲོང་ཁྱེར་ན་ག་ས་ཀི་ཡི་འགན་འཛིན་བཅས་ཀྱིས་རིམ་བཞིན་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་ཡོད་པ་རེད།
ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་རྣམས་ཀྱི་ནང་གི་གསུང་བཤད་གནང་མཁན་ཐོག་མ་༧གོང་ས་མཆོག་གིས་བཀའ་སློབ་བསྩལ་དོན། ང་ཚོ་ཚང་མ་འགྲོ་བ་མི་གཅིག་མཚུངས་ཡིན། བསམ་བློ་དང་སེམས་ཚོར་དེ་བཞིན་ང་ཚོ་ཚང་མར་བདེ་བ་འདོད་པ་དང་། བདེ་བ་སྒྲུབ་རྒྱུ་མི་ཚང་མར་ཐོབ་ཐང་ཡོད། ང་རང་ཚོགས་འདུ་འདིར་མཉམ་ཞུགས་ཐུབ་པར་ཆེ་མཐོང་ཆེན་པོ་ཐོབ་བྱུང་། དེ་རིང་འདིར་ཕེབས་པའི་ཆོས་གྲོགས་ཕོ་མོ་ཚང་མར་འཚམས་འདྲི་ཡོད། གྲོང་ཁྱེར་ཧི་རོ་ཤི་མའི་ནང་གཏོར་བཤིག་ཚབས་ཆེ་བྱུང་ཡོད་པ་དང། མི་ཚང་མས་རང་གི་སྲོག་ལ་གཅེས་པོ་ཡོད་པ་ཙམ་མ་ཟད་གསོན་པོར་གནས་རྒྱུའི་འདོད་པ་ཡོད། སྐབས་དེར་གློ་བུར་དུ་ནམ་མཁའ་ནས་རྡུལ་ཕྲན་མཚོན་ཆ་གཡུགས་ཡོད་པ་རེད།
ང་རང་གྲོང་ཁྱེར་ཧི་རོ་ཤི་མའི་འགྲེམས་སྟོན་ཁང་དུ་འགྲོ་སྐབས་རྡུལ་ཕྲན་མཚོན་ཆས་གཏོར་བཤིག་བཏང་བའི་པར་རིགས་དངོས་རྫས་དེ་དག་མཐོང་སྐབས་སེམས་ནང་ཧ་ལས་པའི་འཇིགས་སྣང་གི་ཚོར་བ་སྐྱེས་བྱུང་། ཉི་ཧོང་གི་གྲོང་ཁྱེར་ཧི་རོ་ཤི་མ་དང་ན་ག་ས་ཀི་གཉིས་ནང་རྡུལ་ཕྲན་མཚོན་ཆའི་ཉམས་མྱོང་བྱུང་བ་དེ་ཐོག་མ་ཞིག་ཡིན་པ་དང་ངས་ཉམས་མྱོང་དེ་མཐའ་མ་ཞིག་ཆགས་རྒྱུ་ཡིན་པའི་ཡིད་ཆེས་བརྟན་པོ་ཡོད། མཚམས་རེ་རྡུལ་ཕྲན་མཚོན་ཆ་དེ་གཞན་གྱི་གནོད་པ་འགོག་བྱེད་དུ་བེད་སྤྱོད་གཏོང་བཞིན་ཡོད་ནའང་དེས་འཇིགས་སྣང་ཤུགས་ཆེན་པོ་བསྐྲུན་གྱི་ཡོད། གལ་ཏེ་མི་སྨྱོན་པ་ལྟ་བུ་ཞིག་དང་ཡང་ན་སྨྱོན་པ་མིན་པའི་སྤྱིར་བཏང་མི་དཀྱུས་མ་ཞིག་ཡིན་ནའང་སེམས་ཚོར་དྲག་པོས་གཞན་དབང་དུ་གྱུར་ཚེ་མི་དེར་རྒྱུ་མཚན་ཤོད་ས་མེད་པའི་སྨྱོན་པ་ལྟ་བུ་ཡིན། དེར་བརྟེན་རྡུལ་ཕྲན་མཚོན་ཆ་མེད་པ་བཟོ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་ཅེས་སོགས་བཀའ་སློབ་གནང་འདུག
ཚེས་༡༤ ཉིན་རྒྱལ་སྤྱིའི་ཞི་བདེའི་ལྷན་ཚོགས་ཐེངས་༡༡ པའི་མཇུག་བསྡོམས་མཛད་སྒོ་དེ་བཞིན་གྲོང་ཁྱེར་ཧི་རོ་ཤི་མའི་ཞི་བའི་རྗེས་དྲན་གྱི་སྐྱེད་ཚལ་ཞེས་པའི་ཐང་ཆེན་གྱི་མདུན་དུ་མཇུག་བསྡོམས་ཀྱི་མཛད་སྒོ་འཚོགས་ཡོད་པ་དང། མཇུག་བསྡོམས་མཛད་སྒོའི་ཐོག་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་གྱི་མི་སྣ་དྲུག་གིས་རིམ་པར་གསུང་བཤད་གནང་ཡོད་པ་རེད། དེ་ཡང་༧གོང་ས་མཆོག་གིས་བཀའ་སློབ་གནང་དོན། གྲོང་ཁྱེར་གཉིས་ཀྱི་མི་མང་ཚོས་རྡུལ་ཕྲན་མཚོན་ཆའི་འོག་རང་ལ་དཀའ་ངལ་ཇི་འདྲ་ཞིག་འཕྲད་ཀྱང་འཁོན་ལན་སློག་རྒྱུའི་བསམ་བློ་མེད་པ་དེར་ངས་བསྔགས་བརྗོད་ཞུ་རྒྱུ་ཡིན། དེ་དངོས་གནས་ཡག་པོ་རེད། ངའི་ངོ་ཤེས་ཉི་ཧོང་གི་གྲོགས་པོ་མང་པོ་ཡོད། ཁོང་ཚོས་ནམ་ཡང་ཨ་རི་ལ་འཁོན་འཛིན་གྱི་བསམ་པ་བཅངས་ཀྱི་མེད། ཕྱོགས་མཚུངས་འཇར་མན་མི་གཅིག་གིས་ཀྱང་ཁོང་ཚོའི་ཁ་གཏད་རྒྱལ་ཁབ་དེར་འཁོན་འཛིན་གྱི་བསམ་པ་བཅངས་ཀྱི་མེད། འདས་པའི་གནས་ཚུལ་དེ་འདས་ཟིན་པ་ཞིག་རེད། ང་ཚོས་མ་འོངས་པའི་གནས་སྟངས་ལ་བལྟ་དགོས།
འཛམ་གླིང་ཞི་བདེ་དང་དུས་རབས་བདེ་སྐྱིད་ལྡན་པ་ཞིག་ཡོང་མིན་དེ་མཐར་གཏུགས་ན་མི་མང་ཚོར་རག་ལས་ཡོད། ང་རང་ནང་པའི་དགེ་སློང་ཞིག་ཡིན། ངས་ཉིན་རེའི་ཉམས་ལེན་གྱི་ཆ་ཤས་འགའ་ཤས་སྨོན་ལམ་རྒྱག་རྒྱུ་དེ་རེད། འོན་ཀྱང་ངས་སྨོན་ལམ་བརྒྱབ་ནས་ནུས་པ་ཐོན་མིན་དེ་ཐེ་ཚོམ་རེད། སྨོན་ལམ་རྒྱག་རྒྱུ་དེ་མི་སྒེར་ལ་ཆ་བཞག་ན་འགྲིག་གི་རེད། འཛམ་གླིང་སྤྱི་ཡོངས་ལ་སྨོན་ལམ་གྱི་ཚབ་ཏུ་དངོས་སུ་ལག་ལེན་བསྟར་རྒྱུ་དེ་གལ་ཆེ་བ་ཆགས་ཡོད། ནང་པ་ཞིག་གི་ལྟ་ཚུལ་ཐོག་ནས་བརྗོད་པ་ཡིན་ན་འཛམ་གླིང་གི་དཀའ་ངལ་དེ་དག་དཀོན་མཆོག་གིས་བཟོས་པ་ཞིག་མིན་པར་ང་ཚོ་མིས་བཟོས་པ་ཞིག་རེད། དཀའ་ངལ་དེ་དཀོན་མཆོག་གིས་བཟོས་པ་ཞིག་ཡིན་ན་དཀོན་མཆོག་ལ་སྨོན་ལམ་བརྒྱབ་ན་འགྲིག་པ་རེད་ཅེས་སོགས་བཀའ་སློབ་གནང་ཡོད་འདུག
གྲོང་ཁྱེར་ཧི་རོ་ཤི་མའི་སྤྱི་ཁྱབ་སྐུ་ཞབས་ཏ་ཌ་ཏོ་ཤི་ཨ་ཀི་བྷ་མཆོག་དང་ཧི་རོ་ཤི་མའི་སྲིད་སྐྱོང་བ་སྐུ་ཞབས་ཧི་ཌེ་ཧི་ཀོ་ཡུ་ཛ་ཀི་མཆོག་ནས་རིམ་པས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་། དེ་ནས་༧གོང་ས་མཆོག་གིས་རྡུལ་ཕྲན་མཚོན་ཆའི་གནོད་འཚེའི་འོག་གསོན་པོར་གནས་པའི་མི་གཉིས་ལ་ཞི་བདེ་ལྷན་ཚོགས་ཀྱི་དམིགས་བསལ་གཟེངས་རྟགས་བསྩལ་གྲུབ་མཚམས། ལྕམ་སྐུ་ཇུ་ཌི་ཝིལ་ཡམ་མཆོག་གིས་རྒྱལ་སྤྱིའི་ཞི་བདེའི་ལྷན་ཚོགས་ཐེངས་༡༡ པའི་མཐའ་མའི་བསྒྲགས་གཏམ་ཞིག་སྤེལ་སྟེ་མཛད་སྒོ་གྲོལ་རྗེས། ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་མི་སྣ་དྲུག་དང་ཕྱི་ནང་གི་གསར་འགོད་པ་མི་གྲངས་༡༠༠ ལྷག་ཙམ་འདུ་འཛོམས་ཀྱིས་ཆུ་ཚོད་ཕྱེད་ཀའི་དྲི་བ་དྲིས་ལན་གནང་ཡོད་པ་རེད།།
གནས་ཚུལ་བོད་གཞུང་དྲ་བ་ནས་བསྡུ་སྒྲིག་བྱས།
{jcomments on}