ཉི་ཧོང་གི་བོད་དོན་རྒྱབ་སྐྱོར་བ་ཚོས་རྒྱ་ནག་གི་སྲིད་འཛིན་ལ་ངོ་རྒོལ།
ཟླ་འདིའི་ཚེས་༡༥ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཉི་ཧོང་བོད་ཀྱི་ཚོགས་པ་དང་ཉི་ཧོང་བོད་རང་དབང་སློབ་ཕྲུག་ཚོགས་པའི་རྒྱབ་སྐྱོབ་བ་གཉིས་ཟུང་འབྲེལ་གྱི་ཐོག་ནས་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་ཡོད་པ་དང། ཉི་ཧོང་བོད་དོན་རྒྱབ་སྐྱོར་བ་དང་བོད་མི་ཚོས་ལག་ཏུ་རྒྱལ་དར་དང་ཕྲེད་དར་སོགས་ཁྱེར་ནས་འདུ་འཛོམས་སྐབས། ཉི་ཧོང་བོད་ཀྱི་ཚོགས་པའི་ཚོགས་གཞོན་སྒྲོལ་མ་ཚེ་རིང་ལགས་ཀྱིས། “ང་ཚོ་བོད་དོན་རྒྱབ་སྐྱོར་བ་ཚོ་འདིར་འཛོམས་དོན་གཙོ་བོ་ནི། ཨེ་ཤ་ཡའི་ལྷན་ཚོགས་འདིའི་ནང་ཕེབས་པའི་དཔོན་རིགས་ཚོར་རེ་སྐུལ་ཞུས་ནས། རྒྱ་ནག་གཞུང་གིས་བོད་དང་རྒྱ་ནག་མི་མང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཡར་རྒྱས་གཏོང་ཐབས་ཀྱི་ཆེད་དུ་ཡིན་ཞིང། ལྷག་པར་དུ་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་དང་དེ་མིན་གྱི་རྒྱ་ནག་གི་དཔོན་རིགས་ཚོས། བོད་ནང་གི་བོད་མི་ཚོར་འགྲོ་བ་མིའི་ཐོབ་ཐང་དང། ཆོས་ལུགས་དད་པ་རང་དབང་གི་ཐོབ་ཐང། རང་ཉིད་ཀྱི་རིག་གཞུང་གཅེས་འཛིན་གྱི་ཐོབ་ཐང་སོགས་ངེས་པར་དུ་སྤྲོད་དགོས། རྒྱ་ནག་གཞུང་གིས་སྤྱི་ཚོགས་སྲ་བརྟན་དང་འཆམ་མཐུན་ཟེར་བ་དེ་ཁས་བཤད་པ་ཙམ་མིན་པ། གནད་དོན་དེའི་ཆེད་དུ་ངེས་པར་དུ་ལས་དོན་ལག་བསྟར་བྱེད་དགོས་པ་རེད་”ཅེས་གསུངས་ཡོད་པ་རེད།
ཉི་ཧོང་བོད་དོན་རྒྱབ་སྐྱོར་བ་མཱ་ཀི་ནོ་སི་ཤུའུ་ཡིས། “གཞི་རྩའི་ཆ་ནས་དུས་རབས་༢༡ འདིའི་ནང་གི་ཆབ་སྲིད་ལམ་ལུགས་ཀྱི་བརྒྱུད་རིམ་ནང། འགྲོ་བ་མིའི་ཐོབ་ཐང་ལ་ཉེན་ཁ་ཆེན་པོ་དང་དབུལ་ཕུང་གི་རིགས་མང་དུ་འགྲོ་བཞིན་ཡོད་པ་ངས་ཡིད་ཆེས་བྱེད་ཀྱི་ཡོད། གནད་དོན་འདིའི་ཐད་ལ་ལས་དོན་བསྒྲུབ་ཐུབ་ན་འཛམ་གླིང་ནང་ཞི་བདེ་ཡོང་གི་རེད། བོད་ཀྱི་དཀའ་ངལ་འདི་འཚེ་བ་མེད་པ་དང་གྲོས་མོལ་གྱིས་སེལ་ཐབས་གནང་གི་ཡོད་པས། ངའི་ངོས་ནས་གནད་དོན་འདིའི་ཆེད་དུ་ལས་དོན་བསྒྲུབ་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད། འདིར་འཛོམས་པའི་མི་ཚང་མས་ཆིག་སྒྲིལ་གྱི་ཐོག་ནས་ལས་དོན་སྒྲུབ་རོགས་ཞུ་རྒྱུ་ཡིན་”ཞེས་སོགས་གསུངས་ཡོད་པ་རེད།
ངོ་རྒོལ་གྱི་ལས་འགུལ་འདི་དང་འབྲེལ་ནས་ཉི་ཧོང་གི་མི་སྣ་གྲགས་ཅན་ཞིག་གིས། “རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་དེ་རྒྱ་ནག་ནང་སྲིད་ཀྱི་དཀའ་ངལ་ཡིན་པས། རྒྱལ་ཁབ་གཞན་གྱིས་ཐེ་ཇུས་བྱེད་མི་ཆོག་ཅེས་སྔོན་དུས་ནས་བརྗོད་བཞིན་ཡོད་ཀྱང། ད་དུང་ཡང་བོད་མི་མང་པོ་སྲོག་ཐོག་བཏང་བ་དང་བཙོན་དུ་བཅུག་པ། མནར་གཅོད་གཏོང་བ་སོགས་མཚམས་ཆད་མེད་པས། འཛམ་གླིང་འདིའི་ཐོག་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལ་ས་མཚམས་ཡོད་མ་རེད་”ཅེས་གསུངས་ཡོད་པ་རེད། དེ་བཞིན་ངོ་རྒོལ་བ་ཚོས་ཉེ་དུས་མདོ་སྨད་མཚོ་སྔོན་ཕྱོགས་ནས། བོད་པའི་སློབ་མ་ཚོས་སྐད་ཡིག་སྲུང་སྐྱོབ་དགོས་པའི་ངོ་རྒོལ་ཤུགས་ཆེན་བྱས་ཡོད་པ་དང། བོད་ནང་གི་བོད་མི་ཚོའི་རེ་འདུན་གང་ཡིན་པ་དེར་རྒྱ་ནག་གཞུང་གིས་ངེས་པར་དུ་སྲུང་བརྩི་བྱེད་དགོས་ཞེས་བརྗོད་ཡོད་པ་རེད།།{jcomments on}