རྒྱ་ནག་ཧྲང་ཧེ་ནང་མེ་སྐྱོན་གྱིས་མི་གྲངས་ཞེ་དགུ་གྲོངས་འདུག

house fire in chanhaཟླ་འདིའི་ཚེས་༡༦ ཉིན་བྷི་བྷི་སིའི་གསར་འགོད་པས་རྒྱ་ཧྲང་ཧེ་གྲོང་ཁྱེར་ནས་གནས་ཚུལ་སྤེལ་བ་ལྟར་ན། ཧྲང་ཧེ་གྲོང་ཁྱེར་ནང་གི་ཁང་བརྩེགས་༢༨ ཅན་ཞིག་ལ། ཕྱོགས་གང་ནས་ཡོང་བ་མི་ཤེས་པའི་མེ་སྐྱོན་ཆེན་པོ་ཞིག་བྱུང་ཡོད་པ་དང། ཁང་པ་དེའི་ནང་དགེ་རྒན་དང་ལས་བྱེད་རྒས་ཡོལ་ཞུས་ཟིན་པ་མང་པོ་སྡོད་ཀྱི་ཡོད་ཅིང། མི་མང་པོ་ཞིག་ཁང་པའི་ཐོག་ནས་མཆོངས་པ་དང་ལ་ལས་ངུ་འབོད་བྱས་པ་སོགས་ཀྱིས་ཟང་ཟིང་ཧ་ཅང་ཆེན་པོ་བྱུང་སྐབས། མེ་སྐྱོབ་འཕྲུལ་འཁོར་༨༠ ཙམ་འབྱོར་ནས་ཛ་དྲག་གི་མྱུར་སྐྱོབ་བྱས་ཡོད་རུང། ཁང་བརྩེགས་ཕལ་ཆེ་བ་ལ་མེ་ཤོར་ནས་མི་གྲངས་༤༩ རྐྱེན་ལམ་དུ་སོང་ཡོད་པ་དང། ས་གནས་སྨན་ཁང་ཁག་ཏུ་རྨས་སྐྱོན་ཚབས་ཆེན་ཤོར་བ་མང་པོ་ཞིག་མྱུར་སྐྱོབ་བྱེད་བཞིན་ཡོད་ཅིང།  ད་དུང་བོར་བརླག་ཤོར་བའི་མི་མང་པོ་བརྙེད་སོན་བྱུང་མེད་པ་རེད།

མེ་སྐྱོན་གྱི་ཉེན་ཁ་ལས་ཐར་བའི་མི་མང་པོ་ཞིག་གིས། མེ་སྐྱོན་བྱུང་སྐབས་གློག་དང་ཁ་པར་སོགས་ཀྱི་བརྒྱུད་ལམ་མེད་པ་ཆགས་པ་དང། ཕན་ཚུན་གཅིག་གིས་གཅིག་ལ་འབྲེལ་བ་བྱེད་ཐུབ་མེད་པའི་སྐོར་བརྗོད་ཡོད་པ་རེད། སྤྱི་ཁྱབ་ཉེན་རྟོག་པས་མེ་སྐྱོན་གྱི་གནད་དོན་དེ་མིས་ཆེད་མངགས་བྱས་ཡོད་པའམ། ཡང་ན་གློག་སོགས་ལ་སྐྱོན་ཤོར་ནས་བྱུང་ཡོད་མེད་བཅས་ལ་ཞིབ་དཔྱོད་དཔྱིས་ཕྱིན་པ་བྱེད་རྒྱུ་ཡིན་པ་ལས། ད་ལྟའི་སྐབས་མེ་སྐྱོན་ཆེན་པོ་དེ་བྱུང་བའི་རྒྱུ་རྐྱེན་གང་ཡང་ཤེས་རྟོགས་མ་བྱུང་ཞེས་འགྲེལ་བརྗོད་བྱས་ཡོད་པ་རེད། ཧྲང་ཧེ་གྲོང་ཁྱེར་ནི་རྒྱ་ནག་གི་ཁྲོམ་རའི་ལྟེ་གནས་ཆགས་ཀྱི་ཡོད་པ་དང། ཧྲང་ཧེ་དངོས་མང་འགྲེམས་སྟོན་ཆེན་པོའི་སྐབས། གཞུང་གིས་མི་མང་གི་ས་ཆ་བཙན་འཕྲོག་བྱས་པ་དང། གྲངས་ཉུང་མི་རིགས་ཁག་གྲོང་ཁྱེར་དེའི་མགྲོན་ཁང་ནང་བསྡད་མི་ཆོག་པ་བཟོས་པ། གྲིའི་ཚོང་ཁང་སོགས་ཆེད་དུ་སྒོ་རྒྱག་བཅུག་པ་སོགས་བྱས་ཏེ། གཞུང་དང་མི་མང་གཉིས་དབར་འབྲེལ་ལམ་ཡག་པོ་མེད་པས་གནད་དོན་དེའི་རིགས་བྱུང་སྲིད་པའི་བསམ་ཚུལ་ཡོད་མཁན་མང་པོ་བྱུང་ཡོད་པ་རེད།།

{jcomments on}