རྒྱ་གཞུང་གིས་ཡར་ལུང་གཙང་པོར་ཆུ་མཛོད་རྒྱག་འགོ་ཚུགས་པ།
ཟླ་འདིའི་ཚེས་༡༦ ཉིན་རྒྱ་གར་གྱི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ལོ་སྔོན་མ་རྒྱ་དཀར་ནག་གཉིས་ཀྱི་དབར་ཆུ་མཛོད་ཀྱི་སྐོར་གྲོས་མོལ་བྱུང་ཡོད་པ་དང། སྐབས་དེར་རྒྱ་ནག་གཞུང་གི་ངོས་ནས་ཡར་ལུང་གཙང་པོར་ཆུ་མཛོད་བརྒྱབ་རུང་། གཙང་པོ་དེ་བརྒྱུད་ཡུལ་རྒྱ་གར་གྱི་ས་ཁུལ་ཁག་ཏུ་ཆུ་ཉུང་དུ་འགྲོ་བ་སོགས་ཀྱིས་ཤུགས་རྐྱེན་ཐེབས་མི་སྲིད་ཅེས་བརྗོད་ཡོད་རུང། དེང་སྐབས་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་སོགས་ཀྱིས། རྒྱ་གཞུང་གིས་བསམ་ཤེས་མེད་པའི་ཐོག་ནས་ཆུ་མཛོད་ཀྱི་ལས་གཞི་ལག་བསྟར་བྱས་པ་དེ་ལུགས་མཐུན་མིན་རབས་ཀྱི་སྐྱོན་བརྗོད་བྱས་ཡོད་པ་རེད།
རྒྱ་སྒོར་ཐེར་འབུམ་༧ ལྷག་ཙམ་སྔོན་རྩིས་བཏང་བའི་ཡར་ལུང་གཙང་པོའི་ཆུ་མཛོད་དེར། རྒྱ་གཞུང་གིས་ཆུ་ཤུགས་གློག་འདོན་དང་བོད་ཀྱི་ས་ཁུལ་ཡར་རྒྱས། འདི་ལོའི་ལོ་ལྔ་ཚན་གྱི་འཆར་གཞི་༡༡ དགོངས་དོན་ལག་བསྟར་བྱེད་ཀྱི་ཡོད་པ། གཙང་པོའི་ཁ་ཕྱོགས་བསྒྱུར་རྒྱུའི་འཆར་གཞི་མེད་སྐོར་སོགས་བརྗོད་པ་ལས། ཡར་ལུང་གཙང་པོ་བརྒྱུད་ཡུལ་བོད་ཀྱི་ས་ཁུལ་དང་རྒྱ་གར་གྱི་ས་ཁུལ་ཁག་གི་དཀའ་ངལ་གང་ཡང་བརྗོད་མེད་པ་རེད། ཡིན་ནའང་རྒྱ་གར་གཞུང་གི་ཆུ་འབྱུང་ཁུངས་ལས་གཞི་ཁང་གི་དྲུང་ཆེ་ཟུར་པ་རཱ་མཱ་སི་ཝིམ་མཆོག་གིས། རྒྱ་གཞུང་གིས་ལས་གཞི་དེས་གཙང་པོའི་ཁ་ཕྱོགས་བསྒྱུར་སྲིད་པ་དང། གལ་ཏེ་དེ་ལྟར་བྱས་ན་གཙང་པོ་བརྒྱུད་ཡུལ་གྱི་རྒྱ་གར་གྱི་ས་ཆར་ཤུགས་རྐྱེན་ཐེབས་ཀྱི་རེད་ཅེས་སོགས་གསུངས་ཡོད་པ་རེད།
དེ་བཞིན་རྒྱ་གར་དང་པཱ་ཀི་སི་ཐན་གཉིས་དབར་གཙང་པོ་བགོས་འགྲེམས་ཀྱི་ཆིངས་ཡིག་འཇོག་མྱོང་ཡོད་པ་དང། རྒྱ་དཀར་ནག་གཉིས་དབར་གཙང་པོ་བགོས་འགྲེམས་ཀྱི་ཆིངས་ཡིག་འཇོག་མྱོང་མེད་པས། རྒྱ་གཞུང་གིས་ཆུ་མཛོད་བརྒྱབ་པ་སོགས་ཀྱི་ལས་འཆར་མང་པོ་ལག་བསྟར་བྱས་རུང། རྒྱ་གར་གཞུང་གི་སྐྱོན་བརྗོད་ཀྱིས་དེ་ཙམ་ནུས་པ་ཐོན་མི་ཐུབ་པའི་སྐོར་བརྗོད་མཁན་ཡང་ཡོད་པ་རེད།།
{jcomments on}