བོད་ཀྱི་མང་གཙོའི་ལམ་ལུགས་དར་འཕེལ་གྱི་མཚོན་རྟགས།
སྐུལ་མ་གནང་བར་ལྷག་བསམ་ཟོལ་མེད་ཞུ་བ་དང་སྦྲགས་ནས། རྒྱབ་སྐྱོར་དང་སྐུལ་མ་སོགས་འདི་བཞིན་རྒྱུན་གནས་ཐུབ་པར་ཡིད་ཆེས་ཞུ་ཡི་ཡོད། འདི་དང་འབྲེལ་ནས་ངས་བཀའ་ཁྲིའི་འོས་མི་གཞན་དག་ཚོའི་ཆོད་སེམས་ལ་བཀའ་དྲིན་ཆེ་ཞེས་ཞུ་འདོད་བྱུང། གང་ཡིན་ཞེ་ན་འོས་མིའི་བགྲོ་གླེང་གི་བརྒྱུད་རིམ་ཁྲོད་དུ། ཁོང་རྣམ་པ་ཚོ་དང་ལྷན་དུ་གྲོགས་པོའི་རྣམ་པའི་ཐོག་ནས་མཉམ་ཞུགས་བྱེད་ཐུབ་ཡོད་པས། ཁོང་རྣམས་ཀྱིས་ང་འོས་མི་ཚད་ལྡན་ཞིག་བཟོས་ཡོད་པ་རེད། ང་ཚོ་མཉམ་རུབ་ཀྱིས་འབད་བརྩོན་བྱས་པ་འདིས་དམིགས་འབེན་བསྐྱར་གསོ་དང། དེ་བཞིན་འོས་འཕེན་དང་བོད་ཀྱི་ཆབ་སྲིད་ལམ་ལུགས་ཀྱི་བརྒྱུད་རིམ་ལ་ནུས་ཤུགས་བསྐྱེད་པ་རེད་དྲན་གྱི་ཡོད།
སྐུ་ངོ་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་དང་མཉམ་དུ། ང་ལ་མི་མང་འདུ་འཛོམས་ཐོག་བགྲོ་གླེང་ཐེངས་བདུན་ཙམ་བྱེད་རྒྱུའི་གོ་སྐབས་བཟང་པོ་ཐོབ་ཡོད་པ་དང། དེ་བཞིན་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་དང་ཚོགས་གཞོན་རྒྱ་རི་སྒྲོལ་མ་ལགས། བཤེར་དཔང་ཕུར་བུ་རྡོ་རྗེ་ལགས་བཅས་དང་ལྷན་དུ་བགྲོ་གླེང་ཐེངས་གཉིས་ཙམ་བྱེད་རྒྱུའི་གོ་སྐབས་ཐོབ་ཡོད་པ་རེད། བཀའ་ཟུར་བཀྲིས་དབང་འདུས་ལགས་དང་དྲུང་ཟུར་བློ་བཟང་སྦྱིན་པ་ལགས། དྲུང་ཆེ་བསོད་ནམས་སྟོབས་རྒྱལ་ལགས་རྣམ་པ་གསུམ་གྱིས། དྲ་ལམ་ཁག་དང་དེ་མིན་གྱི་གླེང་སྟེགས་བརྒྱུད་ནས་ཁོང་རྣམས་ཀྱི་ལམ་ལུགས་གསལ་འདོན་གནང་ཡོད་པས། འཛམ་གླིང་ཐོག་ཡོད་པའི་བོད་མི་ཚོས་འོས་འཕེན་གྱི་བརྒྱུད་རིམ་ཁྲོད་ནས་བཀའ་ཁྲིའི་འོས་མི་ཚོའི་མཁྱེན་རྒྱ་དང། འོས་མི་དེ་དག་གི་ལམ་ལུགས་མི་འདྲ་བ་རྣམས་ཉེ་པོའི་ཐོག་ནས་མཐོང་ཡོད་པ་རེད། བརྒྱུད་རིམ་འདི་འདྲ་བ་འདས་པའི་ལོ་རྒྱུས་ནང་བྱུང་མྱོང་མེད་པ་ཞིག་རེད་ལ། གྲུབ་འབྲས་འདི་ལྟར་ཐོབ་པ་འདིའང་༧གོང་ས་མཆོག་གིས་དུས་རྟག་ཏུ་བོད་པའི་མང་གཙོའི་ཐད་ལ་ལམ་སྟོན་བཀའ་སློབ་གནང་བ་དེའི་འབྲས་བཟང་མངོན་དུ་གྱུར་པ་ཞིག་ཡིན་པ་དང། དེ་དང་འབྲེལ་ནས་རྒྱ་གཞུང་དབང་ཆ་གཅིག་བསྡུས་རིང་ལུགས་ཀྱིས། བཙན་བྱོལ་ནང་གི་བོད་མི་ཚོས་ལམ་ལུགས་རྙིང་པ་བསྐྱར་གསོ་བྱེད་ཀྱི་ཡོད་རེད་ཟེར་བའི་བསྒྲགས་གཏམ་ཁག་ལ། གནད་ལ་འཁེལ་བའི་བརྡ་ལན་གསལ་པོ་ཞིག་ཀྱང་རེད་དྲན་གྱི་ཡོད།
ངས་གོ་སྐབས་འདི་བརྒྱུད་ནས། རྒྱབ་སྐྱོར་བ་ཚོས་ཕྱོགས་སུ་མ་ལྷུང་བ་དང་གཟབ་ནན་གྱི་ཐོག་ནས་བཀའ་ཁྲིའི་འོས་མི་ཚོར་རྒྱབ་སྐྱོར་གནང་བར་ལྷག་བསམ་ཟོལ་མེད་ཀྱིས་བཀའ་དྲིན་ཆེ་ཞུ་རྒྱུ་དང། དེ་དང་འབྲེལ་ནས་སླད་ཀྱི་ཆར་ཡང་རྒྱབ་སྐྱོར་བ་ཚོས་བཀའ་སྤྱི་གཉིས་ཀྱི་འོས་མི་སུ་ཡི་ཆེད་དུ་ལས་འགུལ་སྤེལ་ནའང། མཐུན་པའི་ཆ་གཙོ་བོ་དང། དེང་རབས་དང་མཐུན་པ། བག་དང་ལྡན་པའི་ཐོག་ནས་རྒྱབ་སྐྱོར་གནང་རོགས་ཞེས་རེ་སྐུལ་ཞུ་རྒྱུ་དང་། འདི་ལྟར་བྱུང་ན་བོད་ཀྱི་མང་གཙོའི་ལམ་ལུགས་དང་རྩ་དོན་རྣམས་ནུས་ཤུགས་དང་ལྡན་པ་ཞིག་ཆགས་ཀྱི་རེད། དེས་ན་ཕོ་མོ་སུ་འདྲ་ཞིག་ནུས་སྟོབས་ལྡན་པའི་གནས་བབས་དེའི་ཐོག་ཕེབས་སྐབས། བཙན་བྱོལ་བོད་གཞུང་དང་བཙན་བྱོལ་ནང་གི་མི་མང་གཅིག་པུའི་ཆེད་དུ་ལས་དོན་བསྒྲུབ་རྒྱུ་མིན་པར། བཙན་འཛུལ་འོག་ཏུ་ཡོད་པའི་བོད་ནང་གི་བོད་མི་ཚོའི་དཀའ་ངལ་རྣམས་སེལ་ཐབས་དགོས་པ་དང་རང་དབང་ཐོབ་དགོས་པ། དེ་བཞིན་༧གོང་ས་མཆོག་ཕོ་བྲང་པོ་ཏཱ་ལའི་ནང་གདན་འདྲེན་ཞུ་ཐུབ་དགོས་པ་བཅས་རེད།། བོད་རྒྱལ་ལོ།
{jcomments on}