སྤྱི་འཐུས་ཚོགས་གཙོ་སྒེར་གྱི་གསལ་བཤད།
འདས་པའི་བཙན་བྱོལ་གྱི་ལོ་ངོ་༥༠ རིང་མང་གཙོ་སྐུལ་སྤེལ་དང་སྣེ་ཁྲིད་མཛད་མཁན་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་སྙིང་བཅངས་དང་། མང་གཙོའི་འཕེལ་རིམ་ནང་མཉམ་ཞུགས་གནང་མཁན་གྱི་མང་ཚོགས་ཚོའི་ལྷག་བསམ་དང་འགན་ཁུར་ལ་ཡི་རང་བསྔགས་བརྗོད་ཞུ་འོས་པའི་གསལ་འདེབས་དང་འབྲེལ། ཐེངས་འདིར་བཀའ་སྤྱིའི་འོས་གཞིའི་ནང་སླེབས་མཁན་རྣམས་ལ་ངས་ཞེ་ཐག་པ་ནས་གུས་བརྩི་དང་འཚམས་འདྲི་ཞུ་བཞིན་ཡོད།
ང་རང་སྐབས་འདིའི་བཀའ་བློན་ཁྲི་པ་དང་སྤྱི་འཐུས་ཀྱི་འོས་གཞི་གཉིས་ཀའི་ནང་སླེབས་འདུག་པ་དེ་ལྟར་ཡང་། འོས་བསྡུ་ལས་ཁང་ནས་༢༠༡༠ ཟླ་༡༡ ཚེས་༨ འཁོད་ཡིག་ཆུང་བཏང་འབྱོར་ནང་། མདོ་སྨད་སྤྱི་འཐུས་དང་བཀའ་བློན་ཁྲི་པའི་འོས་ཁོངས་གང་གི་འོས་གཞིར་ཞུགས་འདོད་ཡོད་མེད་དུས་བཅད་ནང་གདམ་ག་བྱེད་དགོས་གནས་ཕེབས་འདུག་པས། བཀའ་ཁྲིའི་འོས་ཁོངས་ནས་དགོངས་ཞུས་བྱས་པ་ཡིན། དེའི་རྒྱུ་མཚན་ནི།
༡། ལྷ་རབ་བྱུང་ན་བཀའ་བློན་ཁྲི་བའི་དངོས་གཞིའི་འོས་གཞི་གཉིས་དང་། དེ་མིན་མང་མཐའ་ཡང་གསུམ་ལས་མ་མང་བ་བྱུང་ན་གང་ལེགས་ཡོང་གི་རེད་སྙམ་པ་དེ་ངའི་བསམ་ཚུལ་ཡིན། དངོས་གཞིའི་འོས་གཞི་མང་དྲགས་ཚེ། འོས་ཤོག་འཐོར་གྱར་དུ་སོང་སྟེ། མང་མོས་བརྒྱ་ཆ་ཉུང་ངུ་ལས་མ་ཐོབ་པའི་བཀའ་ཁྲི་ཞིག་འདེམས་ཐོན་བྱུང་ན། རྒྱ་ཆེ་ས་ནས་ཆབ་སྲིད་ཀྱི་གནས་སྟངས་ཐོག་ཞན་སྐྱོན་མང་དག་ཅིག་རང་བཞིན་གྱིས་འབྱུང་བ་དང་། བཙན་བྱོལ་སྤྱི་ཚོགས་སུ་བཀའ་ཁྲིའི་ཆེ་མཐོང་དང་། འདེམས་ཐོན་བཀའ་ཁྲི་སྐུ་སྒེར་གྱི་བློ་སྤོབས་སོགས་ཕྱོགས་མང་པོར་གནོད་རྐྱེན་འབྱུང་ཉེན་ཆེ་བ་དང་།
༢། ང་རང་ལ་བཀའ་ཁྲིའི་འོས་ཐོབ་གྲངས་༡༥༩༠ ཙམ་ཡོད་པ་དེ་དག་འོས་བསྡུའི་སྐུལ་སློང་དྲིལ་བསྒྲགས་ཧ་ལམ་མ་བྱས་པ་ལྟ་བུའི་གནས་སྟངས་འོག་ཐོབ་པ་ཡིན་པས། དགའ་སྤྲོ་འཕེལ་གཞི་ཞིག་ཡིན་ཡང་། དེ་དག་དང་འོས་གཞི་རྩེ་བཏོག་དབར་གྲངས་འབོར་བར་ཁྱད་ཆེ་བས། སྐབས་འདིར་འོས་ཐོབ་ཀྱི་རེ་བ་མེད་པའི་གནས་སྟངས་ངོས་ལེན་ཞུ་རྒྱུ་དེའང་མང་གཙོའི་ལམ་ལུགས་ཁྲོད་སྒེར་གྱི་བཟང་སྤྱོད་འགངས་ཆེན་ཞིག་ཡིན་པ་དང་། མང་ཚོགས་ཀྱི་གདམ་ག་ལ་བརྩི་བཀུར་ཞུ་བཞིན་ཡོད།
༣། མདོ་སྨད་ཆོལ་ཁའི་འོས་འཕེན་པས་ང་རང་མུ་མཐུད་སྤྱི་འཐུས་སུ་བསྡད་ན་དགེ་མཚན་ཆེ་བའི་མངོན་རྟགས་གསལ་པོ་ཐོན་ཡོད་པས། དེ་ལའང་བརྩི་བཀུར་ཞུ་དགོས་ངེས་མཐོང་།
དེར་བརྟེན། ང་རང་བཀའ་ཁྲིའི་འོས་གཞིར་འོས་འདེམས་གནང་མཁན་ཚོར་ཐུགས་རྗེ་བླ་ལྷག་ཏུ་ཆེ་ཞུ་བ་དང་སྦྲགས། སྤྱི་ཚོགས་ནང་དགོས་མེད་ཀྱི་མུ་ཅོར་འདྲ་མིན་ཡོང་བཞིན་པ་དེ་རིགས་སྣང་མེད་དུ་བསྐྱུར་རོགས་ཞེས་ཞུ་རྒྱུ་དང་། ང་རང་གི་ངོས་ནས་སྐབས་དུས་སོ་སོར་གནས་སྟངས་དང་བསྟུན་ཏེ་སྤྱི་ཚོགས་ཀྱི་ཞབས་ཞུ་གང་འགབ་མི་མཐུད་ཞུ་རྒྱུའི་དམ་བཅའ་བརྟན་པོ་ཡོད། གནད་ཀྱི་དོན་པོ་རང་ཅག་ཁ་བ་རི་བའི་སྤྱི་དོན་ཕྲག་ཏུ་ལེན་རྒྱུའི་སྙིང་སྟོབས་བསྐྱེད་དེ། སྐབས་སུ་བབས་པ་ལོ་རྗེས་མའི་ཕྱི་ཟླ་༣ ནང་དངོས་གཞི་འོས་བསྡུའི་བྱེད་སྒོར་བཙན་བྱོལ་བོད་མི་ཡོངས་ནས་འགན་ཁུར་མ་ལྷོད་པར་མཉམ་ཞུགས་ཡོང་བའི་འབོད་སྐུལ་དང་བཅས་སྤེན་པ་ཚེ་རིང་གིས་ཕྱི་ལོ་ ༢༠༡༠ ཟླ་ ༡༡ ཚེས་ ༡༦ ཉིན།།