ལྷོ་ཁ་ས་ཁུལ་གྱི་བོད་མི་གཉིས་ལ་ཁྲིམས་ཐག་བཅད་པ།
ཁོང་གཉིས་ནི་ད་ལྟའི་བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་གཏོགས་ལྷོ་ཁ་ས་ཁུལ་མཚོ་སྣ་རྫོང་གི་ཚོང་པ་ཡིན་པ་དང། བསོད་ནམས་བག་གྲོ་ས་གནས་དེར་ཚོང་པ་བྱས་ནས་ལོ་མང་འགྲོ་ཡི་ཡོད་པ་མ་ཟད། གུང་ཁྲན་ཏང་ཡོན་པ་ཞིག་ཡིན་འདུག ཁོང་གིས་དེར་ཡོད་པའི་སློབ་གྲྭ་ཁག་ལ་རོགས་རམ་དང་མཐུན་འགྱུར་གནང་གི་ཡོད་སྟབས། ས་གནས་དེའི་ཡུལ་མིའི་དགའ་གུས་བྱེད་ས་ཞིག་ཡིན་པ་རེད། འོན་ཀྱང་ས་གནས་དེའི་ཉེན་རྟོག་པས་ལོ་སྔོན་མའི་ཟླ་བ་༨ པའི་གཡས་གཡོན་དུ་ཆབ་སྲིད་དང་འབྲེལ་བ་ཡོད་པའི་ལས་འགུལ་སྤེལ་བའི་དོགས་གཞིའི་འོག ཁོང་གི་རོགས་པ་བཀྲ་ཤིས་སྟོབས་རྒྱལ་དང་ལྷན་དུ་འཛིན་བཟུང་བྱས་ནས་ལོ་གཅིག་ཙམ་རིང་ལ་གར་སོང་མེད་པར་གྱུར་ཡོད་པ་རེད།
ལོ་འདིའི་ཕྱི་ཟླ་༡༠ པའི་ནང་དུ་གཞི་ནས་ལྷོ་ཁ་ས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས། ཁོང་གཉིས་ལ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་བཟོས་པའི་ཉེས་མིང་བཏགས་ནས། བསོད་ནམས་བག་གྲོ་ལ་མི་ལོ་༡༥ དང། བཀྲ་ཤིས་སྟོབས་རྒྱལ་ལ་མི་ལོ་༥ ཡི་ཁྲིམས་ཐག་བཅད་ནས། ལྷ་ས་གྲོང་ཁྱེར་གྱི་ཉེ་འགྲམ་དུ་ཡོད་པའི་བཙོན་ཁང་ཞིག་ཏུ་བཙོན་འཇུག་བྱས་ཡོད་འདུག །
{jcomments on}