ཨ་མ་ཁྲེ་རི་སཱའི་དྲན་རྟེན་གཟེངས་རྟགས་༧གོང་ས་མཆོག་ལ་ཕུལ་བ།
མཛད་སྒོའི་ཐོག་རྒྱ་གར་གྱི་ཁྲིམས་དཔོན་ཟུར་པ་དང། གཞན་ཡང་བྷར་རྫིལ་དང་། པོ་ལན་ཌི། པཱ་ཀི་སི་ཐན་བཅས་ཀྱི་གནད་ཡོད་མི་སྣ་མང་པོ་ཕེབས་འབྱོར་བྱུང་བའི་དབུས་སུ། ཆེད་དུ་གྲོང་ཁྱེར་ཀ་ལི་ཀ་ཏ་ནས་ཡེ་ཤུའི་དགེ་རྩ་ཚོགས་པའི་བཙུན་མ་གཉིས་དང། རྒྱ་གར་གྱི་བུད་མེད་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་རཱ་ནིའི་མུ་ཁར་ཇཱི་ཐུན་མོང་གིས་ཡེ་ཤུའི་བཙུན་མ་གྲགས་ཅན་《ཨ་མ་ཁྲེ་རི་སཱའི་དྲན་རྟེན་རྒྱལ་སྤྱིའི་དྲང་བདེན་སྤྱི་ཚོགས་ཞབས་ཞུའི་གཟེངས་རྟགས་ཐེངས་བཞི་པ་》 དེ་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་ལ་འབུལ་བཞེས་གནང་ཡོད་པ་རེད།
མཛད་སྒོ་དེའི་ཐོག་རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་རཱ་ནིའི་མུ་ཁར་ཇཱི་ལགས་ཀྱིས། ངའི་མི་ཚེའི་ནང་དུ་ཡེ་ཤུའི་བཙུན་མ་གྲགས་ཅན་ཨ་མ་ཁྲེ་རི་སཱའི་ཞལ་མཇལ་དང་བྱིན་རླབས་ཞུ་བའི་གོ་སྐབས་ཐོབ་མྱོང་བ་དང། དེ་རིང་འདིར་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་ཞལ་མཇལ་དང་བྱིན་རླབས་ཞུ་བའི་གོ་སྐབས་ཐོབ་བྱུང་ཞེས་གསུངས་ཡོད་པ་རེད། དེ་རྗེས་༧གོང་ས་མཆོག་གིས་བཀའ་སློབ་གནང་དོན། ང་རང་ལ་དེ་རིང་གཟེངས་རྟགས་དེ་བསྩལ་བར་སྤྲོ་སྣང་ཆེན་པོ་བྱུང་ལ། གཟི་བརྗིད་ཆེན་པོ་རེད་བསམ་གྱི་འདུག འདིར་མི་སྣ་ཁག་ཅིག་གིས་སྤྱི་ཚོགས་ཐོག་གི་ཉམ་ཐག་མི་མང་ལ་དམིགས་ནས་ཞལ་འདེབས་ཞུས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཆོས་ལུགས་ཁག་ཚང་མར་མིའི་རིན་ཐང་གོང་མཐོར་གཏོང་རྒྱུའི་ནུས་པ་ཡོད་པ་དེ་ནི། མི་ཚེ་སྐྱིད་པོ་དང་བྱམས་བརྩེ་ཡོང་ཐབས་གནང་དགོས་པ་རེད། ཡེ་ཤུའི་བཙུན་མ་གྲགས་ཅན་ཨ་མ་ཁྲེ་རི་སཱས་དེ་ལྟར་གནང་ཡོད་པ་རེད། འདིར་ཕེབས་པའི་ཡེ་ཤུའི་བཙུན་མ་རྣམས་ཀྱིས་ཨ་མ་ཁྲེ་རི་སཱའི་སྙིང་སྟོབས་ལ་སློབ་སྦྱོང་བྱས་ནས་སྤྱི་ཚོགས་ཞབས་ཞུའི་ལས་ཀ་བྱེད་རྒྱུ་གལ་ཆེན་པོ་རེད་ཅེས་སོགས་བཀའ་སློབ་གནང་ཡོད་འདུག
༧གོང་ས་མཆོག་ལ་གཟེངས་རྟགས་དེ་མ་ཕུལ་བའི་སྔོན་དུ། ༧གོང་ས་མཆོག་གི་སྐུ་ཚེའི་ནང་འཚེ་མེད་ཞི་བ་དང་འཇིག་རྟེན་ཀུན་ཁྱབ་ཀྱི་འགན་ཁུར་བཅས་ཀྱི་མཛད་འཕྲིན་མཚོན་པའི་གློག་བརྙན་ཐུང་ངུ་ཞིག་ཀྱང་གཟིགས་འབུལ་ཞུས་ཡོད་པ་རེད། གཞན་ཡང་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོའི་ཐོག་ཏུ་འགྲོ་བ་མིའི་ཐོབ་ཐང་དང། ཁོར་ཡུག་སྲུང་སྐྱོབ། ཕྲུ་གུ་ངལ་རྩོལ་བྱེད་པ་ལས་སྐྱོབ་པ་སོགས་ཀྱི་ཆེད་དུ་ཕྱག་ལས་གནང་མཁན་གཟེངས་སུ་ཐོན་པའི་མི་སྣ་ཁག་ཅིག་ལ། གོ་ལའི་མཐུན་སྒྲིལ་ཐེབས་རྩ་ཚོགས་པའི་ངོས་ནས་གཟེངས་རྟགས་ཁག་ཅིག་ཀྱང་ཕུལ་ཡོད་འདུག །
{jcomments on}