རྒྱ་ནག་གི་འཇིགས་སྐྲག་ནི་གསང་བ་ཞིག་རེད།

gabriel_1སྐུ་ཞབས་གྷ་བྷེ་རེལ་ལགས་ནི་ཨོ་སི་ཁྲུ་ལི་ཡ་ནས་ཡིན་པ་དང་། ད་ལྟའི་བར་མི་ལོ་བཞི་བཅུ་ཙམ་གྱི་རིང་ལ་བོད་དོན་ཐོག་ཉམས་ཞིབ་གནང་མཁན་ཞིག་ཡིན་པ་མ་ཟད། དཔེ་དེབ་མང་པོ་བརྩམས་མྱོང་མཁན་གྱི་རྩོམ་པ་པོ་ཞིག་ཀྱང་ཡིན་པ་རེད། དེ་བཞིན་བཙན་བྱོལ་བོད་གཞུང་གི་ཁོར་ཡུག་སྡེ་ཚན་གྱི་སློབ་སྟོན་པའང་གནང་གི་ཡོད་འདུག ནམ་རྒྱུན་རང་དབང་ལྡན་པའི་ཉམས་ཞིབ་པ་ཞིག་བྱས་ནས་བོད་ཙམ་མ་ཟད། རྒྱ་ནག་གི་ཐོག་ལའང་ཉམས་ཞིབ་ཚགས་ཚུད་གནང་མཁན་ཞིག་ཡིན་པ་རེད།

ཁོང་གིས་གསུང་དོན། རྒྱ་ནག་གི་ད་ལྟའི་དེང་རབས་ཀྱི་པགས་པའི་འོག་ཏུ་སྦས་པའི་འཇིགས་སྐྲག་ཆེན་པོ་ཞིག་ཡོད་པ་དེ་མཐིལ་བརྡོལ་བར་ལས་སླ་པོ་རེད་ཅེས་དང་། རྒྱ་ནག་གི་ཕྱི་དངོས་པོའི་ཡར་རྒྱས་དེ་བརྟན་པོ་མེད་པ་དང། མི་རིང་བར་སྦོ་ལུགས་རྒྱུ་ཡིན་པ་རེད། དེང་སྐབས་རྒྱ་ནག་གི་ཡར་རྒྱས་ཤུགས་ཆེན་པོ་འགྲོ་ཡི་ཡོད་ཀྱང་རྒྱ་ཆེའི་མང་ཚོགས་ལ་ཐད་ཀར་ཁེ་ཕན་གྱི་འབྲེལ་བ་མེད་པས། འགྱུར་བ་ཆེན་པོ་ཞིག་ཐེབས་ཏེ་དཀའ་ངལ་བཟོ་མི་སྲིད་པ་རྩ་བ་ནས་མ་རེད། རྒྱ་ནག་རྒྱལ་ཁབ་ཀྱི་ཡར་རྒྱས་དེ་མི་ཚང་མའི་ཡར་རྒྱས་ཤིག་མིན་པ་དང། དབུ་ཁྲིད་ཉུང་ཤས་ཤིག་གི་ཡར་རྒྱས་ལྟ་བུ་ཡིན་པ་དེ་ནི་ནོར་འཁྲུལ་ཆེན་པོ་རེད། རྒྱལ་ཁབ་ཀྱི་ཡར་རྒྱས་དེ་གཞུང་སྒེར་གཉིས་ཀྱིས་མཚོན་ཐོག་མཐའ་བར་གསུམ་ནས་མཚོན་དགོས་པ་ལས། ཉུང་ཤས་ཤིག་གི་ཁེ་ཕན་དེས་ཕན་ཐོགས་མེད་པ་རྒྱལ་རབས་ལོ་རྒྱུས་ལ་བལྟས་ཀྱང་མཐོང་ཐོས་ཡོད་པ་ཞིག་རེད་ཅེས་དང།

ཁོང་གིས་མུ་མཐུད་གསུང་དོན། ད་བར་མི་ལོ་ལྔ་བཅུ་འཁོར་ཡང་། བོད་ནང་གི་བོད་མི་ཚོས་༧རྒྱལ་བ་རིན་པོ་ཆེ་ལ་དགའ་ཞེན་བྱེད་པ་མ་གཏོགས་རྒྱ་ནག་གཞུང་ལ་དགའ་ཞེན་མེད་པ་དེ་གསལ་པོ་རེད། རྒྱ་ནག་གིས་བོད་ཀྱི་ནང་ཆོས་ལ་མི་དགའ་བའི་རྒྱུ་རྐྱེན་གཙོ་བོ་ནི། བོད་པའི་ཆོས་དད་ནི་ཡར་རྒྱས་ཀྱི་འགོག་རྐྱེན་གཙོ་བོ་ཞིག་ཡིན་པའི་ལྟ་ཚུལ་དེ་རེད། ལྟ་ཚུལ་དེ་ནི་རྒྱ་ནག་དམར་ཤོག་དབང་འཛིན་པ་གཅིག་པུ་མིན་པར་སྔར་གོ་མིན་ཏང་གི་སྐབས་ནས་ལྟ་ཚུལ་དེ་མཁྲེགས་བཟུང་གིས་སླེབས་པ་ཞིག་རེད་ཅེས་དང་། ཉེ་ཆར་རྒྱ་གཞུང་གིས་དགོན་པའི་སྒྲིག་གཞི་བསྐྱར་བཅོས་ཀྱི་ནང་དུ་བོད་ནང་གི་དགོན་པ་ཚོས་ཕྱི་ཕྱོགས་ཀྱི་ཚོགས་པ་དང་བླ་མ་ཁག་ལ་འབྲེལ་བ་བྱེད་མི་ཆོག་ཅེས་པ་དེ་ནི། བོད་མི་རིགས་དང་༧གོང་ས་མཆོག་དབར་འབྲེལ་ལམ་ཐག་རིང་དུ་གཏོང་རྒྱུའི་འདོད་པ་བྱེད་པ་ནི་ནོར་འཁྲུལ་ཞིག་རེད།

gabriel_audiensཆོས་དད་བྱེད་མཁན་དང་ཆོས་དུག་ཏུ་ལྟ་བ་གཉིས་ཀྱི་བར་ལ་དཀའ་ངལ་སེལ་བའི་ཐབས་ཤེས་ཤིག་ཡོད་དམ་ཟེར་ན། གཅིག་ཕམ་གཅིག་རྒྱལ་གྱི་ལྟ་སྟངས་དེས་ནམ་ཡང་དཀའ་ངལ་སེལ་ཐུབ་ཀྱི་མ་རེད། འོ་ན་དཀའ་ངལ་སེལ་ཐབས་ཤིག་ཡོད་དམ་ཟེར་ན་ཡོད་པ་རེད། རྒྱ་ནག་གི་དེང་རབས་ལྟ་སྟངས་ཀྱི་ཐོག་ནས་ནང་ཆོས་ཞེས་པ་དེ་རྨོངས་དད་དང་ཕན་མེད་ཅིག་ཏུ་བརྩི་བ་དེ་རེད། འོན་ཀྱང་ནང་ཆོས་དེ་ཕན་མེད་ཅིག་མིན་པའི་ར་སྤྲོད་ནི། ༧གོང་ས་མཆོག་གིས་གཞན་སུ་དང་མི་འདྲ་བར་ནང་ཆོས་ཀྱི་ནང་ནས་གསུངས་པའི་སེམས་ཁམས་རིག་པའི་རྣམ་གཞག་དེ་ཚོ་ཚན་རིག་དང་མཐུན་པའི་སྒོ་ནས་ཚན་རིག་པ་དང་མཉམ་དུ་བགྲོ་གླེང་བྱེད་ཐུབ་པ་མ་ཟད། ཚན་རིག་པ་ཚོ་ལ་ཕར་བློ་བསྐྱེད་བསྐྲུན་པ་ཐུབ་པ་དེས་ནང་ཆོས་ཟེར་བ་རྨོངས་དད་དང་ཕན་མེད་ཅིག་མིན་པའི་ར་སྤྲོད་གསལ་པོ་བྱས་པ་རེད་ཅེས་སོགས་འགྲེལ་བརྗོད་ཞིབ་ཚགས་གནང་སོང་།

ཚེས་༢༥ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་༤ དང་ཕྱེད་ཀའི་དྷ་ས་མེག་གྷན་ཉིན་མོའི་སློབ་གྲྭའི་ཚོགས་ཁང་དུ་《གསེར་ལྟ་བུའི་རྒྱ་ནག་གི་དུས་ཚོད་》 ཅེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་རྒྱུ་ཡིན་པ་དང། 《གསེར་ལྟ་བུའི་རྒྱ་ནག་གི་དུས་ཚོད་》 ཅེས་པ་ནི། རྒྱ་ནག་ལ་ད་ལྟའི་ཆར་ག་རེ་གལ་ཆེན་པོ་ཆགས་ཀྱི་ཡོད་མེད་དང་། རྒྱ་ནག་གིས་འབད་བརྩོན་བྱེད་བཞིན་པ་ག་རེ་ཡིན་པ་སོགས་ཀྱི་སྐོར་ཡིན་པ་དང། དེ་དང་ལྷན་དུ་པར་རིས་ཁག་ཅིག་བསྟན་ནས་འགྲེལ་བཤད་གནང་རྒྱུ་ཡིན་པ་རེད།{jcomments on}