ཟླ་ཤས་ནང་རྒན་ཡོལ་ཆ་ཚང་བྱེད་རྒྱུའི་འདོད་པ་ཡོད།
ཚེས་༢༡ ཉིན་གོང་གི་བཅར་འདྲིའི་ལེ་ཚན་དེ་བརྙན་འཕྲིན་བརྒྱུད་ལམ་ཐོག་ཡོངས་གྲགས་སུ་བསྟན་པ་དེའི་ནང་དུ་༧གོང་ས་མཆོག་ལ་འཛིན་སྐྱོང་ཐོག་རྒན་ཡོལ་གནང་རྒྱུ་ཡིན་པའི་སྐོར་དེ་བདེན་པ་ཡིན་མིན་སྐོར་བཅར་འདྲི་ཞུས་པར། བཀའ་ལན་གནང་དོན། སྤྱིར་ཕྱི་ལོ་༢༠༠༡ ནས་བཟུང་ཆབ་སྲིད་ཀྱི་དབུ་ཁྲིད་དེ་མི་མང་གིས་འདེམས་བསྐོ་བྱེད་འགོ་བཙུགས་པ་དང། དེ་ནས་བཟུང་ཐག་གཅོད་ཆེ་བ་ཡོངས་རྫོགས་ཆབ་སྲིད་འགོ་ཁྲིད་དེས་གནང་གི་ཡོད་པ་རེད། དེར་བརྟེན་མང་གཙོའི་ལས་དོན་ཆ་ཚང་ལག་བསྟར་བྱེད་རྒྱུའི་ཆེད་དུ། ངས་ལས་དོན་གང་གི་ནང་ལ་མ་ཞུགས་ན་ཡག་པོ་ཡོད་པ་རེད་བསམ་གྱི་འདུག འོན་ཀྱང་མིའི་བྱམས་བརྩེ་གོང་འཕེལ་དང་ཆོས་ལུགས་མཐུན་སྒྲིལ་སོགས་ལས་དོན་གཞན་ལ་ཤུགས་རྒྱག་ཐུབ་ཀྱི་རེད། དེར་བརྟེན་ངས་བགྲེས་ཡོལ་ཆ་ཚང་བྱེད་རྒྱུའི་ཐད་ལ་བསམ་བློ་གཏོང་གི་ཡོད། སྔོན་ལ་བཙན་བྱོལ་བོད་གཞུང་གི་གྲོས་ཚོགས་དང་གོ་སྡུར་བྱེད་རྒྱུ་ཡིན། མ་གཞི་དེ་སྔོན་མདོར་བསྡུས་ཙམ་བཤད་ཟིན་པ་ཡིན། ཅིག་བྱས་ན་ཟླ་བ་ཁ་ཤས་ནང་དུ་འགྲིག་འགྲོ་ཡི་རེད་བསམ་གྱི་འདུག་ཅེས་བཀའ་ལན་གནང་ཡོད་པ་རེད།
ཡང་སྲིད་སྐོར་བཀའ་ལན་གནང་དོན། ལོ་ཤས་ནང་ཚེ་ལ་བར་ཆད་བྱུང་བ་ཡིན་ན། སོག་རིགས་དང་ཧི་མ་ལ་ཡའི་མི་རིགས་ཚོས་ཏཱ་ལའི་བླ་མའི་སྒྲིག་འཛུགས་དེ་རྒྱུན་མཐུད་རྒྱུའི་འདོད་པ་བྱེད་ཀྱི་རེད་ལ། ཏཱ་ལའི་བླ་མ་སྐུ་ཕྲེང་བཅོ་ལྔ་པ་ཕེབས་ཀྱི་རེད། ལོ་ཉི་ཤུ་སུམ་ཅུའི་རྗེས་ལ་ཡིན་ན། བོད་མི་ཚོས་སྒྲིག་འཛུགས་དེ་དགོས་མཁོ་མེད་པར་མཐོང་བའི་དུས་ཤིག་ཤར་སྲིད་པ་རེད། དེ་འདྲ་བྱུང་ན་མེད་པ་ཆགས་ཀྱི་རེད་ཅེས་དང། ངའི་བསམ་པར་ཏཱ་ལའི་བླ་མའི་ཡང་སྲིད་ཐད་ལ་ད་ལྟ་བྲེལ་བ་མི་འདུག ངའི་གཟུགས་པོའི་གནས་སྟངས་ཡག་པོ་ཡོད། ད་དུང་ང་ཚོས་མི་ལོ་བཅོ་ལྔ་ཉི་ཤུ་བར་སྒུག་ཆོག་གི་རེད། དེ་ནས་ལྟ་ཆོག་གི་རེད། འགོ་ཁྲིད་ལ་ཆ་བཞག་ན་ལོ་ལྔ་རེའི་མཚམས་ནས་འོས་བསྡུའི་ལམ་ནས་ཡོང་གི་རེད། ཆོས་ཕྱོགས་ལ་བསམ་བློ་བཏང་ན་ནང་པའི་ཆོས་བརྒྱུད་ཁག་ཚང་མ་ནས་གཞོན་སྐྱེས་མང་པོ་ཡོད་པ་རེད། དེར་བརྟེན་ང་ལ་སེམས་ཁྲལ་མི་འདུག་ཅེས་བཀའ་ལན་གནང་འདུག
ཡང་སྲིད་སྐོར་མུ་མཐུད་བཅར་འདྲི་ནན་པོ་ཞུས་པར། མ་གཞི་ཏཱ་ལའི་བླ་མའི་ཡང་སྲིད་མུ་མཐུད་དགོས་དང་མི་དགོས་ནི་བོད་མི་ཚོའི་ཐག་གཅོད་ཅིག་ཡིན་པ་དང། གལ་སྲིད་བཙན་བྱོལ་དུ་དགོངས་པ་རྫོགས་ན་ཡང་སྲིད་དེ་བོད་ཕྱི་ལོགས་ནས་འཁྲུངས་རྒྱུ་ཡིན་པ་སོགས་ཀྱི་བཀའ་ལན་ཟབ་རྒྱས་གནང་ཡོད་པ་རེད།།
{jcomments on}