ལྷོ་བྱང་ཀོ་རི་ཡའི་དབར་མེ་སྒྱོགས་འཕེན་རེས་བྱས་པ།
ཨ་རིའི་སཱི་ཨན་ཨན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་ཉིན་རྒྱབ་ཆུ་ཚོད་༢ པ་ཙམ་ལ་བྱང་ཀོ་རི་ཡས་ལྷོ་ཀོ་རི་ཡའི་ཤར་ཕྱོགས་ཡོབ་ཡུང་ཞེས་པའི་མཚོ་གླིང་དུ་ཐད་ཀར་མེ་སྒྱོགས་༢༠༠ ཙམ་བརྒྱབ་པ་དང་། དེ་མུར་ལྷོ་ཀོ་རི་ཡས་མེ་སྒྱོགས་ཐེངས་༨༠ ཙམ་བརྒྱབ་སྟེ་ཆུ་ཚོད་གཅིག་ཙམ་རིང་དམག་འཁྲུག་བརྒྱབ་ཡོད་པ་རེད། མཚོ་གླིང་དེར་མི་གྲངས་༡༣༠༠ ཙམ་གནས་སྡོད་བྱེད་ཀྱི་ཡོད་པའི་ནང་ནས་མང་པོ་ཞིག་བྲོས་བྱོལ་དུ་འགྲོ་དགོས་བྱུང་འདུག
གནས་སྟངས་ཇེ་སྡུག་ཏུ་མི་འགྲོ་བའི་ཆེད་དུ་ལྷོ་ཀོ་རི་ཡའི་སྲིད་འཛིན་ལཱིའི་ཡུང་པག་གིས་གློ་བུར་དུ་བདེ་འཇགས་ཀྱི་དབུ་ཁྲིད་མི་སྣ་བསྡུ་སྐོང་གིས་ཛ་དྲག་ཚོགས་འདུ་འཚོགས་ནས་ཞི་འཇགས་ཡོང་བའི་ཐབས་ཤེས་བྱེད་ཀྱི་ཡོད་པ་རེད། ཨ་རི་གཞུང་གིས་དེ་མུར་གནས་སྟངས་ཞི་འཇགས་ཡོང་རྒྱུར་རྒྱབ་སྐྱོར་བྱེད་རྒྱུའི་ཡིན་པའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་སྐབས། ཨ་རི་གཞུང་གིས་བྱང་ཀོ་རི་ཡའི་བྱ་སྤྱོད་ཐད་མཐའ་གཅིག་ཏུ་སྐྱོན་བརྗོད་བྱེད་ཀྱི་ཡོད་ཅེས་དང་། དམག་འཐབ་འདི་ལམ་སེང་མཚམས་འཇོག་དགོས་པ་མ་ཟད། ཕན་ཚུན་རྒྱལ་ཁབ་གཉིས་དབར་གྱི་ཆིངས་ཡིག་ལ་བརྩི་འཇོག་བྱེད་དགོས་ཞེས་བསྒྲགས་ཡོད་པ་རེད།
སྤྱིར་བྱང་ཀོ་རི་ཡས་མེ་སྒྱོགས་རྒྱག་དོན་ནི། ལྷོ་ཀོ་རི་ཡས་མཚོ་གླིང་གི་མཐའ་རུ་མཚོ་དམག་གི་སྦྱོང་བརྡར་བྱེད་བཞིན་པ་དེའི་རྐྱེན་གྱིས་ཡིན་འདུག མཚོ་གླིང་དེ་ནི་བྱང་ཀོ་རི་ཡའི་ས་མཚམས་བར་རྒྱང་ཐག་སྤྱི་ལེ་༩ ཙམ་ལས་མེད་པ་དང་། ལྷོ་ཀོ་རི་ཡས་ལོ་ལྟར་ས་ཆ་དེར་མཚོ་དམག་སྦྱོང་བརྡར་བྱེད་སྲོལ་ཡོད་པ་རེད།།
{jcomments on}