གཞིས་བྱེས་བོད་མིའི་སེམས་གཏིང་གི་རེ་བ།

ལོ་འདིའི་ནང་བགྲེས་ཡོལ་ཆ་ཚང་གནང་གི་ཡིན་ཞེས་ལན་རེ་ཟུང་ཞིག་གསུངས་ཡོད་པ་དང། ཉེ་བའི་ཆར་དུས་ཚོད་དང་བཅས་ཞལ་གསལ་གྱིས་བཀའ་བསྩལ་ཡོད་པ་རེད། བོད་དོན་བདེན་མཐའ་གསལ་ཐབས་དང། མ་འོངས་བོད་ཀྱི་གནད་དོན་གྱི་ཐོག་ལ་ལམ་དབུ་མ་དང་རང་བཙན། རང་ཐག་རང་གཅོད་བཅས་ཀྱི་བསམ་ཚུལ་མི་འདྲ་བ་འཛིན་མཁན་ཡོད་ཀྱང། ༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་ཐུགས་འགན་བཞེས་དང་མི་བཞེས་ཀྱི་གནད་དོན་ཐད་ལ་གཞིས་བྱེས་བོད་མི་ཕལ་མོ་ཆེའི་བསམ་ཚུལ་གཅིག་མཚུངས་སུ་གྱུར་ཡོད་པ་རེད། ༧གོང་ས་སྐུ་ཕྲེང་ན་རིམ་དང་བོད་མི་རིགས་ཀྱི་ལས་དབང་དང་བདེ་སྡུག་འབྲེལ་ནས་ཡོད་པ་དང། ལྷག་པར་༧གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ཀུན་སྙོམས་ཉི་མ་ལྟ་བུ་བླ་ན་མེད་པའི་དགོངས་གཞིའི་འོག་སྐུ་ཚེ་འདི་ཉིད་དུ། བོད་མི་རིགས་ཀྱི་གནས་སྟངས་དེ་རྒྱ་དམར་གཞུང་གི་མནར་གཅོད་སྟངས་འཛིན་འོག་དམ་དྲག་ཇི་ལྟར་ཡོད་མེད་ལ་མ་ལྟོས་པར། ཆོལ་ཁ་དང་ཆོས་བརྒྱུད་ཀྱི་དབྱེ་བ་མེད་པར་གཞིས་བྱེས་བོད་མི་ཡོངས་རྫོགས་ཀྱི་བསམ་བློ་དང་འདུན་པ་རེ་འདུན་བཅས་ཕྱོགས་གཅིག་ཏུ་བསྒྲིལ་གནང་མཛད་ཡོད་པ་མ་ཟད། བོད་ཀྱི་གནད་དོན་འདི་ཡང་འཛམ་གླིང་གོ་ལ་ཧྲིལ་པོར་ཁྱབ་གདལ་དུ་བཏང་ནས་བོད་ཀྱི་རིག་གཞུང་བཟང་པོའི་ནུས་ཤུགས་ཀྱིས་འཛམ་གླིང་མི་མང་ལ་མིག་དཔེ་བཟང་པོ་སྟོན་ཐུབ་ཡོད་པ་སོགས་ཕྱོགས་གང་ནས་བསམ་ཡང་རྒྱལ་དབང་སྐུ་ཕྲེང་ན་རིམ་གྱི་ནང་བོད་མི་རིགས་ལ་བཀའ་དྲིན་ཆེ་ཤོས་སུ་གྱུར་ཡོད། གང་ཉིད་དགུང་གྲངས་བཅུ་དྲུག་ལས་མ་སོན་ཡང་ཆབ་སྲིད་ཀྱི་ཐུགས་འགན་བཞེས་ནས་བོད་མི་རིགས་ཀྱི་བདེ་སྡུག་ཕྲག་ཏུ་བཞེས་ཡོད་ལ། ད་ལྟའི་ཆར་དགུང་གྲངས་ཧྲིལ་པོ་༧༥ རུ་ཕེབས་ཟིན་ཀྱང་མུ་མཐུད་དུ་ཆབ་སྲིད་ཀྱི་ཐུགས་འགན་བཞེས་དགོས་པ་དེ་གཞིས་བྱེས་བོད་མི་ཡོངས་ཀྱི་ཆིག་སྒྲིལ་དང་། ནུས་པ། སྟོབས་ཤུགས་བཅས་ཀྱི་འབྱུང་ཁུངས་གཙོ་བོ་རུ་ངོས་འཛིན་མི་བྱེད་མཁན་བོད་མི་སུ་གཅིག་ཀྱང་མེད་ཅེས་བཤད་ཆོག་པ་ཞིག་ཏུ་གྱུར་ཡོད།

འོན་ཀྱང་གནད་དོན་འདིའི་ཐོག་ནས་བཙན་བྱོལ་ནང་གི་ཆབ་སྲིད་ཀྱི་འགན་འཁུར་མཁན་རྣམས་ཀྱིས་འབད་བརྩོན་གང་ཡང་མི་དགོས་པར། འགན་ཁུར་ཡོངས་རྫོགས་༧གོང་ས་མཆོག་ཁོ་ནས་བཞེས་དགོས་པའི་གསོལ་འདེབས་ཞུ་རྒྱུ་ཙམ་ལས་མེད་བསམ་པའི་སྐྱིད་ཉལ་གྱི་བསམ་ཚུལ་འཛིན་མཁན་དག་ལ་དུས་ནམ་ཡང་བདེན་ཁ་སྟེར་མི་ཐུབ་པ་ཞིག་ཏུ་གྱུར་ཡོད། འོན་ཀྱང་༧གོང་ས་མཆོག་གིས་བགྲེས་ཡོལ་ཆ་ཚང་གནང་རྒྱུའི་དགོངས་བཞེད་དེ་དག་བོད་མི་རིགས་ཀྱི་བདེ་སྡུག་ཕྲག་ཏུ་བཞེས་རྒྱུའི་སྐུ་ངལ་མ་ཐེག་པ་དང། ཐུགས་ཤུགས་ཆག་པ་མིན་ཚུལ་ཡང་ཡང་གསུངས་པ་བཞིན། བོད་མི་རིགས་ཀྱི་རྒྱུད་འཛིན་པ་རྣམས་ཀྱིས་རང་ཉིད་ཀྱི་འགན་ཁུར་ལེན་ཐུབ་དགོས་པའི་ལམ་སྟོན་གནང་བ་ཞིག་ཏུ་ངོས་འཛིན་ཞུ་དགོས། དེར་བརྟེན་བོད་མི་རྣམས་ཀྱིས་ཀྱང་རང་རང་གི་ནུས་ཤུགས་དང་བསྟུན་ནས་འགན་ཁུར་ལེན་དགོས་པ་དང། ༧གོང་ས་མཆོག་ཞལ་བཞུགས་པའི་སྐབས་སུ་གང་ཉིད་ལས་ལྷག་པའི་བོད་མི་རིགས་ཀྱི་དབུ་ཁྲིད་ཐུབ་མཁན་སུ་གཅིག་ཀྱང་མེད་ལ་ཡོད་ཀྱང་མི་སྲིད་པར་བརྟེན། བོད་མི་རྣམས་ཀྱིས་བོད་ཀྱི་འཐབ་རྩོད་དང་འཛིན་སྐྱོང་གི་འགན་ཁུར་ལེན་ཐུབ་ངེས་ཀྱི་གདེང་ཚོད་མ་ཡལ་བའི་ཐོག་ནས་༧གོང་ས་མཆོག་གི་མཛད་འགན་མུ་མཐུད་ལྷུར་བཞེས་གནང་དགོས་པ་ལས། བགྲེས་ཡོལ་ཆ་ཚང་དུ་ཕེབས་རྒྱུའི་དགོངས་བཞེད་དེ་གཞིས་བྱེས་གཉིས་སུ་བཞུགས་པའི་བོད་མི་ཡོངས་ཀྱི་སེམས་གཏིང་གི་མངོན་འདོད་དང་རེ་བར་ཡོངས་སུ་མི་མཐུན་པས། ༧གོང་ས་མཆོག་གིས་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཀྱི་མཚན་གནས་མུ་མཐུད་བཞེས་དགོས་པ་དེ་ཧ་ཅང་གལ་ཆེ་བ་ཙམ་དུ་མ་ཟད། མཛད་འགན་དེ་ནམ་ཡང་འདོར་མི་རུང་བ་ནི་དུས་དང་གནས་བབས་ཀྱི་དགོས་མཁོ་ཉག་གཅིག་ཏུུ་གྱུར་ཡོད།།{jcomments on}