སྨན་ཤུལ་རིན་པོ་ཆེ་མཆོག་དགོངས་པ་གཞན་དོན་དུ་གཤེགས་པ།

སེར་ཤུལ་རིན་ཆེན་དོན་འགྲུབ་ལགས་ཀྱིས་གནས་ཚུལ་བཏང་བའི་ནང་འཁོད་དོན། ཟླ་འདིའི་ཚེས་༧ ཉིན་ནས་བཟུང་སེེར་ཤུལ་དགོན་གྱི་གྲྭ་པ་ཚོས་སྐད་ཡིག་རང་དབང་དགོས་པ་སོགས་ཀྱི་ལས་འགུལ་སྤེལ་བ་ལ་བརྟེན་ནས་འབྲེལ་ཡོད་ལས་བྱེད་ཚོས་སེར་ཤུལ་དགོན་དུ་སློབ་གསོ་རྒྱག་པ་དང་། གྲྭ་རྒྱུན་ཡོད་ཚད་ཕྱིར་འབུད་དགོས་པ། དགོན་བདག་བླ་མ་རང་དགོན་ལས་གཞན་དུ་ཕེབས་མི་ཆོག་པའིབཀའ་རྒྱ་བཏང་ཡོད་འདུག

lama menshulདགོན་བདག་བླ་མ་སྨན་ཤུལ་རིན་པོ་ཆེས་སྐབས་དེར་གྲྭ་རྒྱུན་རྣམས་ཕྱིར་འབུད་བཏང་ན་དགོན་པའི་སློབ་གཉེར་ལ་འཐུས་ཤོར་དང་ཉམ་ཆག་ཆེན་པོ་འགྲོ་ངེས་ཡིན་པས་གྲྭ་རྒྱུན་རྣམས་མུ་མཐུད་སྡོད་ཆོག་པ་དང་སློབ་གཉེར་སྔར་རྒྱུན་བཞིན་ཡོང་ཐབས་ལ་འབད་བརྩོན་ཤུགས་དྲག་གནང་ཡོད་པ་དང་དེའི་སྐོར་ལ་ཐུགས་ཁྲལ་ཆེན་པོ་གནང་ཡོད་འདུག

སྐབས་དེར་སྙུན་གཞི་ཅུང་ཙམ་བཞེས་ཡོད་ཀྱང་ཛ་དྲག་གི་གནས་སྟངས་གང་ཡང་ཆགས་ཡོད་མི་འདུག  སྟབས་མ་ལེགས་པ་ཞིག་ལ་ཟླ་འདིའི་ཕྱི་ཚེས་༢༥ ཞོགས་པ་ཐོ་རངས་ཆུ་ཚོད་༥ ཙམ་ལ་གློ་བུར་དུ་སྙུན་གཞི་སྡུག་ཏུ་ཕྱིན་མོད་ཐག་རིང་དུ་ཕེབས་མི་ཆོག་པའི་བཀའ་རྒྱ་སོགས་ལ་བརྟེན་སྨན་ཁང་དུ་ཕེབས་མ་ཐུབ་པར་དགོངས་པ་རྫོགས་ཡོད་འདུག

སྨན་ཤུལ་བློ་བཟང་འཇམ་དབྱངས་མཆོག་གི་མཛད་རྣམ་མདོར་བསྡུས།
སྨན་ཤུལ་བློ་བཟང་འཇམ་དབྱངས་བསྟན་འཛིན་ཆོས་ཀྱི་ཉི་མ་མཆོག་ནི་རྫ་སེར་ཤུལ་ དགོན་དང་བ་རོད་དགོན་སོགས་ཀྱི་དགོན་བདག་བླ་མ་ཡིན་པ་དང། རྫ་ཆུ་ཁའི་སྡེ་དགོན་ ཡོངས་ཀྱིས་དད་གུས་དང་བརྩི་བཀུར་ཞུ་སའི་བླ་ཆེན་ཞིག་ཀྱང་ཡིན།
རྗེ་འདིའི་སྐུ་ཐོག་དང་པོ་རྗེ་བཙུན་བློ་བཟང་ཡེ་ཤེས་བསྟན་འཛིན་མཆོག་ནི་དབུས་ཀྱི་གདན་ས་ཆེན་པོ་སེ་ར་ཐེག་པ་ཆེན་པོའི་གླིང་དུ་ཕེབས་ནས་གཞུང་བཀའ་པོད་ལྔ་མདོ་སྔགས་རིག་གནས་དང་བཅས་པར་ཐུགས་བྱན་ཆུད་པའི་སྦྱང་པ་མཛད་དེ། ཕྱིར་ཁམས་ཕྱོགས་སུ་བྱོན་ནས་དགོན་འདིར་ཐོས་བསམ་གླིང་གྲྭ་ཚང་གསར་འཛུགས་མཛད་དེ་གྲྭ་སའི་སྒྲིག་ལམ་བཞིན་གཏན་འབེབས་གནང་བ་སོགས་ཀྱི་རླབས་ཆེན་གྱི་མཛད་འཕྲིན་བསྐྱངས་པ་དང་དེ་ནས་བཟུང་དགོན་འདིའི་བསྟན་པའི་བདག་པོར་གྱུར་ཡོད་འདུག
དམ་པ་འདི་ནི་༡༩༤༧ ལོར་སྐུ་འཁྲུངས་ཤིང་༡༩༤༩ ལོར་རྫ་ཆོས་རྗེ་བློ་བཟང་དཔལ་ལྡན་ཆོས་ཀྱི་གྲགས་པས་སྨན་ཤུལ་སྐུ་ཕྲེང་གཉིས་པ་ངག་དབང་ཆོས་ཀྱི་ཉི་མའི་ཡང་སྲིད་དུ་ངོས་འཛིན་གནང་ཡོད་བ་དང་༡༩༥༣ ལོར་དགོན་འདིའི་བསྟན་པའི་བདག་པོར་བཀུར་ཏེ་སྡེ་དགོན་ཡོངས་ཀྱི་མགོན་དཔུང་དམ་པར་མངའ་གསོལ་མཛད།
དགུང་ལོ་༡༦ བཞེས་པ་རབ་བྱུང་བཅུ་དྲུག་པའི་ཆུ་སྟག་༡༩༥༩ ལོར་བླ་ཆེན་དང་མི་ཆེན་གཞན་དང་འདྲ་བར་བཙོན་ཁང་དུ་ཡུན་རིང་བཞུགས་དགོས་བྱུང་། ༡༩༨༠ ལོ་ནས་དགོན་འདིའི་ཆོས་སྒོ་འབྱེད་ཐབས་ལ་ཐུགས་ཁུར་ལྷུར་བཞེས་མཛད་དེ། ལོ་དེར་ཆོས་སྒོ་ཕྱེ་ཐུབ་པ་བྱུང་ཡོད། ༡༩༨༦ ལོར་རྗེ་འདིས་༧ཀུན་གཟིགས་པཎ་ཆེན་ཐམས་ཅད་མཁྱེན་པ་མཆོག་དགོན་འདིར་གདན་ཞུས་ གནང་བ་དང་རྒྱུན་ལྡན་དགོན་འདིའི་ཆོས་སྲིད་ཀྱི་བྱ་བ་ཡོངས་སུ་རྫོགས་པའི་ཐུགས་འགན་བཞེས་ཏེ། ད་སྐབས་དགོན་འདི་མདོ་ཁམས་ས་ཡི་བཤད་སྒྲུབ་ཀྱི་བསྟི་གནས་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་འདི་ཡང་ཁོང་གི་མཛད་རྗེས་བླ་ན་མེད་པ་ཞིག་ཡིན། ༢༠༡༠ལོའི་ཟླ་༡༡ཚེས་༢༥ ཉིན་དགོངས་པ་ཆོས་དབྱིངས་སུ་གཤེགས་པ་བཅས་ཀྱི་མཛད་རྣམ་མདོར་བསྡུས་སུ།། །།
སེར་ཤུལ་རིན་ཆེན་དོན་གྲུབ་ཀྱིས་༢༠༡༠/༡༡/༢༥ལ་བྲིས།{jcomments on}