ཆབ་སྲིད་བཙོན་མར་མནར་གཅོད་དང་ཛ་དྲག་སྨན་བཅོས།

རྒྱ་ནག་གཞུང་ལ་༢༠༠༨ ལོ་ནས་ཞི་བའི་ངོ་རྒོལ་ཤུགས་ཆེན་བྱུང་བར་བརྟེན། བོད་མི་མང་པོ་ཞིག་འཇུ་བཟུང་བཙོན་འཇུག་པ་དང་། དམར་གསོད་བཏང་མ་ཡང་མི་ཉུང་བ་ཞིག་ཡོད་པ་མ་ཟད། ད་ལྟའང་རྒྱ་ནག་གཞུང་གིས་བཙོན་འཇུག་ཁྲིམས་ཆད་བཏང་བ་སོགས་ཀྱང་མང་དུ་འགྲོ་བཞིན་ཡོད་པ་རེད།

པདྨ་ཚེ་དབང་གིས་གནས་ཚུལ་མཁོ་སྤྲོད་བྱས་པའི་ནང་འཁོད་དོན། བོད་ཁམས་དཀར་མཛེས་རྫོང་གི་ཁྱབ་ཁུངས་སུ་ཡོད་པའི་ཉ་རྒྱས་བཙུན་དགོན་གྱི་བཙུན་མ་བཀྲིས་དབྱངས་མཚོའམ་༼མཚན་གཞན་བཀྲ་དགའ་༽དང་ཁོང་གི་ཆོས་གྲོགས་གསེར་ཆོས་སྐྱིད་དང་།  ཨ་ཆོས་གསུམ་གྱིས་ཕྱི་ལོ་ ༢༠༠༨  ལོའི་ཕྱི་ཟླ་ ༥པའི་ཚེས་༢༠ ཉིན་གྱི་མཚན་མོ་བོད་ནང་ཆུ་ཚོད་དང་པོ་ཙམ་ལ་ཁམས་དར་རྒྱས་ནས་འགོ་བརྩམས་ཏེེ་དཀར་མཛེས་རྫོང་ཐོག་བར་ལེ་དབར་  ༢༠  ཙམ་གྱི་སར་གོམ་བགྲོད་ཀྱིས་ཞོགས་པ་ནམ་ལངས་ཁར་དཀར་མཛེས་རྫོང་ཐོག་ཏུ་འབྱོར་འདུག་པ་དང་། དེ་རྗེས་ཆུ་ཚོད་༩ པ་ཡས་མས་ཤིག་ལ་དཀར་མཛེས་རྫོང་གི་ཁྲོམ་གཞུང་དུ་མི་མང་འདུ་འཛོམས་ཆེ་སར་ཞི་རྒོལ་གྱི་འབོད་ཚིག་འདྲ་མིན་སྒྲོག་བཞིན་རྒྱ་ནག་ལ་ངོ་རྒོལ་ཤུགས་ཆེར་བྱས་པར་བརྟེན།    དྲག་ཆས་ཉེན་རྟོག་པས་ས་གནས་དེར་གཅར་རྡུང་ཚད་མེད་གཏོང་བཞིན། འཛིན་བཟུང་བྱས་ནས་དཀར་མཛེས་རྫོང་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་རྒྱ་ནག་ཁྲིན་ཏུའུ་ནས་ལམ་ཐག་ཉེ་བའི་སར་བཙོན་ཁང་ཞིག་གི་ནང་མུ་མཐུད་ནས་བཀག་ཉར་བྱས་འདུག་པ་དང་། ལོ་གཅིག་ཙམ་གྱི་རྗེས་བཙུན་མ་བསོད་ཆོས་སྐྱིད་དང་བཙུན་མ་ཨ་ཆོས་གཉིས་གཟུགས་པོ་ནད་གཅོང་ཆགས་ཏེ་རྒྱ་གཞུང་ནས་འཆི་ཉེན་ལ་འགན་ལེན་མ་ཐུབ་པས་གློད་གྲོལ་བཏང་ཡོད་འདུག

བཙུན་མ་བཀྲིས་དབྱངས་མཚོ་ལགས་ནི་ལོ་ངོ་གཉིས་དང་ཟླ་བ་དྲུག་ཙམ་བཀག་ཉར་བྱས་ནས་ ཕྱི་ལོ་ ༢༠༡༠ ཕྱི་ཟླ་ ༡༡ པའི་ཚེས་༡༩ ཉིན་བཙོན་ཁང་ནས་གློད་བཀྲོལ་བཏང་འདུག་ཀྱང་ཁོང་རྒྱ་ནག་གི་བཙོན་ཁང་ནང་ལོ་གཉིས་ལྷག་ཙམ་བཀག་ཉར་བྱས་པའི་རིང་རྒྱ་དམར་ནས་ཡ་ང་སྙིང་རྗེ་སྤུ་ཙམ་ཡང་མེད་པར་མི་སྤྱོད་ལས་འདས་པའི་ཉེས་རྡུང་ཚད་མེད་བཏང་བའི་རྐྱེན་གྱིས་ཁོང་གི་སྐུ་གཟུགས་ཕྱི་ནང་གཉིས་ཀར་སྐྱོན་ཆེན་པོ་བཟོས་ནས་ད་ལྟ་རྒྱ་ནག་གི་གྲོང་ཁྱེར་ཁྲི་ཏུའུ་ལ་སྨན་བཅོས་བྱེད་བཞིན་ཡོད་པ་དང་། དེ་ཡང་ཁོང་ལ་ཉེས་རྡུང་འདྲ་མིན་བཏང་བའི་རྐྱེན་གྱིས་མཁྲིས་པ་ལ་གནོད་སྐྱོན་ཚབས་ཆེ་བཏང་བ་དང་། ལག་པ་གཡོན་པ་བཅག་ཧྲུག་ཐེངས་མ་གཉིས་བཏང་ཡོད་པ། རྣ་བ་གཡོན་མའི་སྒྲ་རྩ་བ་ནས་མི་ཐོས་པར་གྱུར་བར་ཤ་པགས་གཉིས་ཀྱི་མཚམས་ལ་ཤ་རྡོག་རྡོག་ཆགས་པ། གློ་ནད་ཊི་བི་ན་ཚ་སོགས་ཀྱི་དཀའ་སྡུག་ཚད་མེད་མྱོང་བཞིན་ཡོད་འདུག བཀྲིས་དབྱངས་མཚོ་དཀར་མཛེས་རྫོང་འདན་མ་ཤང་།༼འདུས་ཡར་དར་འམ/བདེ་སྐྱིད་༽གྲོང་ཚོ་ནས་ཕ་ཚེ་འདས་བློ་བཟང་རིན་ཆེན་དང་། མ་ཚེ་འདས་བདེ་ཆེན་མཚོ་གཉིས་སུ་ཕྱི་ལོ་ ༡༩༧༩ ལོ་ཡས་མས་ཤིག་ལ་སྐྱེས་ཤིང་ད་སྐབས་ད་ལྟར་རང་ལོ་ ༣༠ ཙམ་ཡིན་འདུག།