ས་ཡིག་བསྡུ་རུབ་བྱས་པའི་སྙན་ཐོ།

ད་བར་བོད་ནང་སློབ་མའི་ལས་འགུལ་བརྒྱུད་མཐུད་བྱེད་བཞིན་བོད་ས་གཞན་ལའང་དར་ཁྱབ་འགྲོ་བཞིན་པའི་ཛ་དྲག་གི་གནས་སྟངས་ལ་གཞིགས་ཏེ་ངེད་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་རང་གཞུང་ཤེས་རིག་སྡེ་ཚན་དང་དེ་མིན་བོད་ཁྱིམ་སློབ་གྲྭའི་འབྲེལ་ཡོད་ཚོར་སློབ་གྲྭ་ཁག་གི་སློབ་མ་ཚོས་རིགས་མཐུན་གཞིས་ལུས་སྤུན་ཟླ་སློབ་མ་རྣམས་ལ་སེམས་གཏིང་གི་སྤོབས་པ་སྦྱིན་ཆེད་དང་།ཁོང་རྣམ་པའི་ལེགས་བྱ་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་མཚོན་ཕྱིར་ས་ཡིག་བསྡུ་རུབ་ཀྱི་ལས་འགུལ་ཞིག་སྤེལ་འཆར་སྐོར་འབྲེལ་ཡོད་སློབ་གྲྭའི་ཡིག་ཚང་ཁག་ལ་སྙན་སེང་ཞུས་པར་བརྟེན།རང་གཞུང་ཤེས་རིག་ལས་ཁུངས་དང་བོད་ཁྱིམ་དབུས་ཡིག་ཚང་འབྲེལ་ཡོད་དབུ་ཁྲིད་མཆོག་ནས་ཀྱང་ངེད་ཚོགས་པའི་བྱ་བ་འདིར་བསྟོད་སྔགས་དང་སྦྲགས་ལས་འགུལ་ལ་རྒྱབ་སྐྱོར་གཙང་མ་ཡོད་སྐོར་གྱི་བཀའ་ལན་བྱུང་ཞིང། རྡ་སྟིང་བོད་ཁྱིམ་དབུས་ཡིག་ཚང་ནས་མོས་མཐུན་གནང་བའི་མཚན་རྟགས་ཀྱང་རག་ཡོད།

དེ་རྗེས་ངེད་ཚོགས་པ་གཉིས་ཀྱི་ངོས་ནས་ཆེད་དུ་རྡ་སའི་ཉེ་འཁོར་གྱི་རྡ་སྟེང་འོག་གཉིས་ཀྱི་སློབ་གྲྭ་དང། ཤེས་རབ་དགའ་ཚལ་སློབ་གླིང་།སཱ་ར་མཐོ་སློབ།ནོར་གླིང་མཐོ་སློབ། དབུས་སྨན་རྩིས་མཐོ་སློབ།སུ་ཇཱ་སློབ་གྲྭ་དང་ཅོང་ཏ་རྭ། དེ་བཞིན་གོལ་པ་པུལ་བོད་ཁྱིམ་བཅས་སློབ་གྲྭ་ཁག་བརྒྱད་དུ་ཆེད་བཅར་གྱིས་སློབ་མ་ཚོར་ད་ཐེངས་བོད་ཀྱི་སློབ་མའི་ལས་འགུལ་སྐོར་འགྲེལ་བརྗོད་ཡོང་ཐབས་དུས་མཚུངས་སུ་མིང་རྟགས་བསྡུ་རུབ་ཀྱི་ལས་འགུལ་སྤེལ་བ་ཡིན། བྱ་བ་དེར་སློབ་གྲྭའི་ཁག་གི་དབུ་ཁྲིད་ཚོ་དང་འབྲེལ་ཡོད་རྣམས་ནས་ཀྱང་ངེད་ཕྱོགས་ཀྱི་ལས་འགུལ་འདིར་མཐུན་འགྱུར་གང་ལེགས་གནང་སྐྱོང་བྱུང་བ་ནི་དགའ་འོས་དང་སྔགས་འོས་པ་ཞིག་དང་ཐུགས་རྗེ་ལེགས་གསོལ་ཡང་ཞུ་འོས་སུ་མཆིས།

ད་ཐེངས་ངེད་ཚོགས་པ་གཉིས་ནས་ས་ཡིག་བསྡུ་རུབ་བྱུང་བའི་མ་དཔེའི་པར་རིས་དང་ཡིག་ཆ་གཉིས་རྒྱལ་སྤྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གཞི་དཔྱད་ཞིབ་སྡེ་ཚན་དང། རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པ་སོགས་འབྲེལ་ཡོད་སྡེ་ཚན་ཁག་སོ་སོར་སྙན་འབུལ་ཞུས་པ་དང།དེ་མིན་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་རྒྱབ་སྐྱོར་ཚོགས་པ་ཁག་ལའང་གང་ཐུབ་ཅི་ནུས་ཀྱིས་འབུལ་ལམ་ཞུ་ཐབས་བྱ་རྒྱུ་ཡིན། ཐེངས་འདིར་གཞིས་བྱེས་བོད་མི་ཡོངས་དང། ཁྱད་པར་དུ་རྒྱལ་སྤྱིའི་སྐྱེ་བོ་གཟུར་གནས་པ་དག་གིས་མཁྱེན་ཆུབ་སླད་སྙན་ཐོ་འདི་ཁྱེད་རྣམས་ཀྱི་སྤྱན་ལམ་དུ་འབུལ་བ་ལགས།
བཙན་བྱོལ་སློབ་གྲྭ་ཁག་གི་དགེ་སློབ་ཚོའི་མིང་རྟགས་བསྡུ་རུབ་བྱུང་བ་གཤམ་གསལ།
དང་པོ། སྭ་རའི་མཐོ་སློབ་ཀྱི་མིང་རྟགས་བཀོད་མཁན་བསྡོམས་མི་གྲངས་༡༧༢  བྱུང།
གཉིས་པ། ནོར་གླིང་མཐོ་སློབ་ཏུ་མིང་རྟགས་བཀོད་མཁན་བསྡོམས་མི་གྲངས། ༢༩ བྱུང།
གསུམ་པ། དབུས་སྨན་རྩིས་མཐོ་སློབ་ནས་མིང་རྟགས་བཀོད་མཁན་བསྡོམས་གྲངས། ༤༨ བྱུང།
བཞི་པ། རྡ་སྟིང་བོད་ཁྱིམ་ནས་མིང་རྟགས་བཀོད་མཁན་བསྡོམས་གྲངས། ༤༩༠  བྱུང།
ལྔ་པ། རྡ་ཤོད་བོད་ཁྱིམ་ནས་མིང་རྟགས་བཀོད་མཁན་བསྡོམས་སློབ་མ། ༦༢  བྱུང།
དྲུག་པ། ཅོང་ཏ་རྭའི་སློབ་གྲྭ་ནས་མིང་རྟགས་བཀོད་མཁན་བསྡོམས་སློབ་མའི་གྲངས།  ༥༤༢   བྱུང།
བདུན་པ། གོལ་པ་པུར་བོད་ཁྱིམ་ནས་དགེ་རྒན་༥༥དང་སློམ་མ་གྲངས།༡༡༠༡་བཅས་བསྡོམས་གྲངས། ༡༡༥༦  བྱུང།
བརྒྱད་པ། སུ་ཇཱ་བོད་ཁྱིམ་ནས་མིང་རྟགས་བཀོད་མཁན་བསྡོམས་སློབ་མའི་གྲངས།   ༡༣༥༦  བྱུང།
ད་ཐེངས་བོད་ནང་རང་རིགས་ཀྱི་སྐད་ཡིག་འཛིན་སྐྱོང་སྤེལ་གསུམ་ཡོང་ཕྱིར་གཞི་རྒྱ་ཆེ་བའི་ལས་འགུལ་དེར་བོད་བཙན་བྱོལ་ཡུལ་གྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ནང་ཁྱོན་བསྡོམས་དགེ་སློབ་གྲངས། ༣༨༥༥ནས་མིང་རྟགས་བཀོད་དེ་རང་རིགས་གཞིས་ལུས་སྤུན་ཟླ་སློབ་མ་རྣམས་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་མཚོན་ཡོད་པ་རེད།

མཐར་བོད་ཕྱི་ནང་གཉིས་ཀྱི་དགེ་སློབ་མ་ཡོངས་དང། སློབ་མའི་ཁྱིམ་བདག་ལས་བྱེད་བགྲེས་ཟུར་རྣམས། དེ་བཞིན་རྒྱལ་སྤྱིའི་འབྲེལ་ཡོད་གཟུར་གནས་སྒེར་དང། ཚོགས་པ་སྐྱིད་སྡུག་མང་པོས་རྒྱ་གཞུང་གིས་བོད་ཡིག་སློབ་དེབ་རྒྱ་བསྒྱུར་བྱ་རྒྱུའི་ལས་འགུལ་འདིར་མཐའ་གཅིག་ཏུ་ངོ་རྒོལ་བྱས་མིན་ལ་མ་ལྟོས་པར། ཉེ་སྔོན་མཚོ་སྔོན་ས་ཁུལ་གྱི་སློབ་གྲྭ་ཁ་ཤས་ནང་སློབ་ཚན་རྒྱ་བསྒྱུར་གྱི་ལས་གཞི་དངོས་སུ་འགོ་བརྩམས་པ་ཐོས་ཤིང། དེར་སེམས་འཚབ་དང་བཅས།
བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཡིག་ཚང་ནས་ཕྱི་ལོ་༢༠༡༠  ཟླ་ ༡༡  ཚེས་ ༢༤ཉིན་སྤེལ།