༧གོང་ས་མཆོག་བགྲེས་ཡོལ་མི་གནང་བའི་གསོལ་འདེབས་ཞུ།

ཟླ་འདི་ཚེས་༢༢ ཉིན་རྒྱ་གར་ལྷོ་ཕྱོགས་མེ་སོར་གྱི་རྒྱ་གར་དུས་བབ་གསར་ཤོག་ Times of India ནང་༧གོང་ས་མཆོག་གིས་མི་འགྱང་བར་ཟླ་ལྔ་དྲུག་གི་ནང་བོད་མི་མང་སྤྱི་འཐུས་སུ་གྲོས་བསྡུར་གྱིས་བགྲེས་ཡོལ་ཆ་ཚང་ཡོང་བར་ཐག་ཆོད་འོང་ཐུབ་པའི་རེ་བ་ཡོད་ཅེས་གསུངས་པའི་གནས་ཚུལ་ཞིག་བྱུང་ཡོད་པ་དང་། གནས་ཚུལ་དེ་ལ་བརྟེན་ནས་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་སེར་སྐྱ་མི་མང་གིས་གནས་ཚུལ་དེའི་སྐོར་ལ་སེམས་ཁུར་དང་བློ་ཚབ་ཆེན་པོ་བྱེད་བཞིན་པ་རེད།

ཟླ་འདིའི་ཚེས་ ༢༤ ཉིན་སྦེལ་ཀོབ་ཁུལ་གྱི་བོད་མིའི་གཞིས་ཆགས་གསར་རྙིང་གཉིས་ཀྱི་མི་མང་གི་ངོ་ཚབ་མཚོན་ཐུབ་པའི་སྤྱི་མི་དང་འཐུས་མི། ས་གནས་གཞོན་ལྷན་དང་བུད་མེད་མེད་ཚོགས་པ། མཉམ་འབྲེལ་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་བཅས་མི་མང་ལྔ་བཅུ་ཙམ་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་གཙོ་པདྨ་བདེ་ལེགས་ཀྱིས་བསྡུ་སྐོང་གཙོ་སྐྱོང་འོག་བགྲོ་གླེང་ཞིག་འཚོགས་ཡོད་པ་རེད།

གནས་ཚུལ་དེའི་སྐོར་སྤྱི་ཟུར་པདྨ་བདེ་ལེགས་ལ་བཅར་འདྲི་ཞུས་པ་ཡིན།
དྲི་བ། ཉེ་བའི་ལོ་ཤས་ནས་༧གོང་ས་མཆོག་གིས་ཁོང་ཆབ་སྲིད་ཀྱི་དབུ་ཁྲིད་ལས་ཕྱེད་བགྲེས་ཡོལ་ཡིན་པ་དང་མི་འགྱང་བར་བགྲེས་ཡོལ་ཆ་ཚང་བྱེད་རྒྱུ་ཡིན་སྐོར་གསུང་བཞིན་ཡོད་པ་མ་ཟད། གསར་ལམ་ཁག་ཏུ་མི་འགྱང་བར་ཟླ་དྲུག་གི་ནང་བོད་མི་མང་སྤྱི་འཐུས་སུ་གྲོས་བསྡུར་གྱིས་བགྲེས་ཡོལ་ཆ་ཚང་ཡོང་བར་ཐག་ཆོད་འོང་ཐུབ་པའི་རེ་བ་ཡོད་ཅེས་གསུངས་པ་རེད། གནས་ཚུལ་དེ་ཐོག་མར་ཁྱེད་རང་གིས་ཐོས་སྐབས་ཚོར་སྣང་གང་འདྲ་བྱུང་།
ལན། སྤྱིར་བཏང་༧རྒྱལ་བ་རིན་པོ་ཆེས་ལོ་ཁ་ཤས་ཤིག་གི་སྔོན་ནས་ཕྱེད་བགྲེས་ཡོལ་གྱི་ཐོག་ལ་ཡོད་གསུངས་པ་དང་། ཉེ་ཆར་རྒྱ་གར་ལྷོ་ཕྱོགས་མེ་སོར་གྱི་རྒྱ་གར་དུས་བབ་གསར་ཤོག་ Times of India དང་། དེ་བཞིན་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་༧སྐྱབས་མགོན་རིན་པོ་ཆེ་ཁོང་གིས་འབྱུང་འགྱུར་ཟླ་བ་དྲུག་གི་ནང་བོད་ཀྱི་གྲོས་ཚོགས་སུ་གྲོས་བསྡུར་བརྒྱུད་ཆབ་སྲིད་ཀྱི་དབུ་ཁྲིད་ལས་བགྲེས་ཡོལ་ཆ་ཚང་གནང་གི་ཡིན་ཞེས་གསུངས་ཡོད་པ་རེད། དེ་འདྲ་ཐོག་མར་གོ་དུས་གཞིས་བྱེས་བོད་མི་ཚང་མའི་སེམས་པའི་ནང་ལ་ཚོར་སྣང་ཆེན་པོ་ཡོད་པ་རེད་ལ། ལྷག་པར་སོ་སོ་ལྟ་བུ་ཡིན་ན་ཡང་༧གོང་ས་སྐྱབས་མགོན་ཆེན་པོས་ཆབ་སྲིད་ཀྱི་དབུ་ཁྲིད་ལས་བགྲེས་ཡོལ་ཆ་ཚང་ཞུས་པ་ཡིན་ན། ང་ཚོ་བྱིས་པ་ཐང་དཀྱིལ་དུ་ལུས་པ་ལྟ་བུའི་གནས་ཚུལ་ཞིག་ཆགས་འགྲོ་ཡི་འདུག་དྲན་ནས། རྦད་དེ་བརྗོད་མི་ཤེས་པའི་སེམས་ཚབས་དང་ཞེད་སྣང་གི་ཚོར་བ་ཞིག་ཡོང་གི་འདུག དེ་བཞིན་ང་དང་ང་འདྲ་བའི་བོད་པ་ཚང་མ་ལ་ཚོར་བ་དེ་རང་བཞིན་གྱིས་སྐྱེས་ཡོང་བའི་གནས་ཚུལ་ཞིག་རེད་དྲན་གྱི་ཡོད།

དྲི་བ། གནས་ཚུལ་དེ་ཐོན་ནས་ཉིན་གཉིས་ཀྱི་ནང་ལ་ཁྱེད་རང་གི་གཙོ་སྐྱོང་འོག་མི་མང་གི་འོས་འདེམས་བྱས་པའི་ལུགས་བདེ་གཉིས་ཀྱི་གནད་ཡོད་མི་སྣ་བསྡུ་བསྐོང་གིས་གནས་ཚུལ་དེ་དང་འབྲེལ་བའི་བགྲོ་གླེང་ཞིག་བྱས་པའི་བརྒྱུད་རིམ་དང་གྲུབ་དོན་ག་འདྲ་བྱུང་ཡོད་པ་རེད།
ལན། ང་ཚོས་གསར་འགྱུར་བརྒྱུད་ལམ་ཁག་ནས་གནས་ཚུལ་དེ་ཐོས་པ་དང་། སྦེལ་ཀོབ་ཀྱི་གཞིས་ཆགས་གསར་རྙིང་གཉིས་དང་། ཆོས་སྒར་ཁག་བཅས་པའི་ནང་དུ་ཡོད་པའི་རྒྱུན་དུ་ནས་བོད་སྤྱི་བའི་ལས་དོན་ཐོག་ལ་ཐུགས་ཁུར་གནང་མཁན་གྱི་བསམ་ཚུལ་ལ། གནས་ཚུལ་འདི་དངོས་གནས་སེམས་ཀྱི་བཟོད་མི་ཐུབ་པའི་གནས་ཚུལ་ཞིག་ཆགས་ཀྱི་འདུག ང་ཚོ་འདུ་འཛོམས་བྱས་ནས་༧སྐྱབས་མགོན་རིན་པོ་ཆེ་ལ་གསོལ་བ་འདེབས་རྒྱུ་དང་། ས་གནས་ས་ཐོག་ལ་བགྲོ་གླེང་བྱེད་དགོས་ཀྱི་འདུག་ཅེས་བསམ་ཚུལ་མང་པོ་ཡོང་གི་འདུག ཡིན་ནའང་འགོ་ཁྲིད་ནས་ལས་ཀ་བྱེད་མཁན་དེ་འཕྲལ་དུ་ཏག་ཏག་ཅིག་ཡོང་གི་མེད་དུས། སྦེལ་ཀོབ་ལུགས་བདེ་གཉིས་ཀྱི་མཉམ་འབྲེལ་གཉིས་ཀྱི་ངོས་ནས་ཆོས་སྒར་ཁག་དང་། གཞིས་གྲོང་ཁག་གི་སྤྱི་མི་རྣམ་པ། མཉམ་འབྲེལ་འགན་ལྷན་གྱི་ཚོགས་མི། ས་གནས་གཞོན་ལྷན་དང་བུད་མེད་ཚོགས་པ་བཅས་གང་ལྟར་རྒྱ་ཆེའི་མི་མང་གིས་འོས་འདེམས་བྱས་ཤིང་མི་མང་གི་ངོ་ཚབ་མཚོན་ཐུབ་པའི་འཐུས་མི་ཚང་མ་བསྡུ་བསྐོང་གིས། ཕྱི་༡༡ པའི་ཚེས་༢༤ ཉིན་ཚོགས་འདུ་འཚོགས་ནས་བགྲོ་གླེང་དང་གྲོས་བསྡུར་བྱས་པ་རེད། ཚོགས་འདུའི་ཐོག་༧སྐྱབས་མགོན་རིན་པོའི་ཆེས་བགྲེས་ཡོལ་དང་འབྲེལ་བའི་བཀའ་སློབ་ཁག་དང་། ཉེ་ཆར་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐོག་གི་བཀའ་སློབ་བཅས་ཚང་མ་འགྲེལ་བཤད་བྱས། ལྷག་པར་ད་ཐེངས་ཀྱི་གནས་ཚུལ་དེ་སྔར་དང་མ་འདྲ་བའི་དུས་ཚོད་ཐུང་ཐུང་ཞིག་གི་ནང་ལ་ཐག་གཅོད་ཡོང་རྒྱུ་ཡིན་པའི་ཛ་དྲག་གི་གནས་ཚུལ་ཞིག་ཡིན་པར་བརྟེན། ཚང་མས་སེམས་ཚོར་ཧ་ཅང་ཆེན་པོས་གནས་ཚུལ་དེར་བགྲོ་གླེང་གྲོས་བསྡུར་བྱས་པ་ཡིན་ལ། ང་ཚོ་ཚང་མས་ཆོས་དང་ཆབ་སྲིད་གང་གི་ཐོག་ལ་ཡིན་ནའང་ཁོང་ལས་ལྷག་པའི་དབུ་ཁྲིད་ཅིག་འདས་པའི་ལོ་རྒྱུས་དང་། ད་ལྟའི་གནས་བབ། མ་འོངས་པའི་དུས་ཚོད་གང་ལ་ཡང་ཡོང་རྒྱུ་མེད་པ་ཞིག་རེད། ལྷག་པར་དུ་བོད་ཁ་བ་གངས་ཅན་པ་འདིར་འཕགས་པ་སྤྱན་རས་གཟིགས་ཀྱི་གདུར་བྱར་ཞལ་གྱིས་བཞེས་ནས་བསམ་བཞིན་བོད་མའི་ལྷ་སྐལ་དུ་ཕེབས་པ་ཡིན་དུས། ཁོང་བགྲེས་ཡོལ་ལ་ཕེབས་ན་འགྲིག་གི་མི་འདུག གནས་ཚུལ་དེ་རྩ་བ་ནས་༧རྒྱལ་བ་རིན་པོ་ཆེ་མཆོག་གིས་མ་གསུངས་རོགས་གནང་། མུ་མཐུད་ནས་བོད་མིའི་ཆོས་སྲིད་ཀྱི་དབུ་ཁྲིད་ཀྱི་འགན་ཁུར་གནང་དགོས་ཀྱི་འདུག་ཅེས་པའི་བསམ་ཚུལ་གཅིག་པ་བྱུང་ཡོད་པ་བཞིན། ང་ཚོས་༧གོང་མཆོག་གི་མཚན་ཐོག་ལ་སྙན་ཞུ་ཞིག་དང་། དེའི་འདྲ་བཤུས་རེ་བོད་མི་མང་སྤྱི་འཐུས་དང་། འཛིན་སྐྱོང་བཀའ་ཤག་ལ་ཕུལ་ཐུབ་པའི་གྲུབ་འབྲས་བྱུང་བ་རེད།

དྲི་བ། ད་ལྟའི་བོད་ཕྱི་ནང་གཉིས་ཀྱི་གནས་བབ་དང་། ༧སྐྱབས་མགོན་རིན་པོ་ཆེ་མཆོག་གིས་ཆབ་སྲིད་ཀྱི་དབུ་ཁྲིད་ལས་བགྲེས་ཡོལ་ཆ་ཚང་གནང་གི་ཡིན་གསུང་བཞིན་པའི་གནས་ཚུལ་འདི་འདྲའི་འོག་ནས་ཁྱེད་རང་གིས་བོད་མི་ཚོར་བསམ་ཚུལ་དང་རེ་སྐུལ་དེ་འདྲ་ཡོད་དམ།
ལན། ༧གོང་ས་མཆོག་གིས་ཁོང་བགྲེས་ཡོལ་གྱི་སྐོར་དེ་ང་ཚོ་བོད་གཞིས་བྱེས་གཉིས་ཀྱི་མི་མང་གིས་སེམས་ནས་བཟོད་ཐབས་མེད་པ་ཞིག་དང་། གནས་ཚུལ་དེ་འདྲ་ཞིག་བྱུང་བ་ཡིན་ན། ང་ཚོ་བྱིས་པ་ཐང་དཀྱིལ་དུ་ལུས་པ་ལྟ་བུ་ཆགས་རྒྱུ་ཡིན་པ་རེད། ང་ཚོ་བཙན་བྱོལ་ལ་འབྱོར་ནས་ད་ལྟའི་བར་དུ་ཆོས་དང་ཆབ་སྲིད། འཚོ་བ་དང་དཔལ་འབྱོར། འཕྲོད་བསྟེན། ཤེས་ཡོན་སོགས་ཕྱོགས་ཐམས་ཅད་ནས་འཛམ་གླིང་ཐོག་གི་སྐྱབས་བཅོལ་པ་གཞན་དང་མ་འདྲ་བའི་གནས་སྟངས་ཤིག་ཆགས་བསྡད་པ་དེ་ཁོང་གི་ཐུགས་རྗེ་བཀའ་དྲིན་ཁོ་ན་ལ་བརྟེན་ནས་བྱུང་བ་ཞིག་རེད། ལྷག་པར་བོད་ཀྱི་གནད་དོན་དེ་རྒྱལ་སྤྱིའི་སྡིངས་ཆའི་ཐོག་མ་ཡལ་བར་ཡོད་བསྡད་པ་དེ་རེད། དེ་བཞིན་བོད་རྒྱ་འབྲེལ་མོལ་གྱི་གནད་དོན་སོགས་གང་ཅིའི་ཐད་ཀྱི་གྲུབ་འབྲས་ཚང་མ་༧གོང་ས་མཆོག་ཁོང་གི་སྐུ་དྲིན་ཐུགས་རྗེ་ཉག་གཅིག་ཡིན་པ་རེད། ང་ཚོ་ལ་དེ་འདྲའི་འཛམ་གླིང་ཐོག་གཞན་ལ་མེད་པའི་དབུ་ཁྲིད་ཅིག་ཡོད་དུས་ཐམས་ཅད་ཀྱིས་ཁོང་གི་བཀའ་གསུང་ཅི་བསྒྲུབ་ཞུ་རྒྱུ་དང་། མཛུབ་མོ་གང་བསྟན་ཤར་ཞེས་པ་ལྟར་ཐམས་ཅད་ཚང་མས་འགན་མཉམ་ཁུར་བྱེད་པའི་ཐོག་ནས། ༧རྒྱལ་བ་རིན་པོ་ཆེ་མཆོག་མུ་མཐུད་ནས་བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་གནང་སྐྱོང་ཡོང་བའི་གསོལ་བ་རྩེ་གཅིག་ཏུ་འདེབས་དགོས་པ་རེད་སྙམ་པ་དང། རེ་བ་དེ་འདྲ་ཞིག་ཞུ་རྒྱུ་ཡིན།
གནས་ཚུལ་འདིའི་སྐོར་ལ་སྦེལ་ཀོབ་གཅིག་བུ་ཙམ་མ་ཡིན་པར་ཧོན་སུར་དང་ཀོ་ལེ་གྷལ་བཅས་ཀྱི་མི་མང་གིས་ཀྱང་བློ་ཚབ་ཆེན་པོ་བྱེད་བཞིན་པ་དང་། མི་མང་གིས་ཚོགས་འདུ་དང་བགྲོ་གླེང་ཡང་བྱེད་བཞིན་གནས་ཚུལ་ཐོན་ཡོད་པ་རེད། མེ་སོར་གསར་འགོད་པས།{jcomments on}