ཡུ་རོབ་གྲོས་ཚོགས་ཀྱིས་བོད་ཀྱི་སྐད་ཡིག་སྐོར་གྲོས་ཆོད་བཞག་པ།
ཡུ་རོབ་གྲོས་ཚོགས་ཀྱི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་ཚོས་རྒྱ་ནག་གཞུང་ལ་སྐད་ཡིག་གཉིས་ལྡན་གྱི་སྲིད་བྱུས་ཡང་དག་པ་ཞིག་བོད་དུ་ལག་བསྟར་ཐོག་བོད་ཡིག་སློབ་ཚན་ཙམ་མིན་པར་སློབ་ཚན་གཞན་ཚང་མ་བོད་སྐད་བརྒྱུད་ལམ་ཐོག་སློབ་ཁྲིད་དགོས་པའི་འབོད་སྐུལ་ཞུ་རྒྱུ་དང། རྒྱ་ནག་གཞུང་གིས་བོད་མི་ས་ཡ་དྲུག་གི་སྐད་ཡིག་དང། ལེགས་བྱང། ཆོས་དད་རང་དབང། དེ་བཞིན་གཞི་རྩའི་ཐོབ་ཐང་བརྡལ་བཤིག་ཇེ་ཆེར་གཏོང་བཞིན་པ་དེར་སྐྱོན་བརྗོད་ཤུགས་ཆེན་དང། རྒྱ་ནག་གཞུང་གིས་ཉེ་ལམ་བོད་ཀྱི་སློབ་གྲྭ་ཁག་གི་ནང་སློབ་ཁྲིད་བྱ་རྒྱུའི་སྐད་ཡིག་བརྒྱུད་ལམ་གཙོ་བོ་རྒྱ་སྐད་འཇོག་རྒྱུའི་སྲིད་བྱུས་དེར་སྐྱོན་བརྗོད་བྱེད་ཀྱི་ཡོད་སྐོར་འཁོད་ཡོད་པ་རེད།
ཕྱོགས་མཚུངས་གསལ་བསྒྲགས་དེའི་ནང་ཡུ་རོབ་གྲོས་ཚོགས་ཀྱིས་རྒྱ་ནག་ནང་གྲངས་ཉུང་མི་རིགས་ཚོར་མི་རིགས་དབྱེ་འབྱེད་ཀྱི་ཁྱད་གསོད་ཡང་ཡང་བྱེད་བཞིན་པའི་གནས་སྟངས་དེར་བློ་ཕམ་ཡོད་ཚུལ་འཁོད་ཡོད་པ་མ་ཟད། ཕྱི་ལོ་༢༠༠༩ ལོར་ཡུ་རོབ་སྤྱི་མཐུན་ཚོགས་པའི་འཛིན་སྐྱོང་ལྷན་ཁང་གིས་རྒྱ་ནག་གཞུང་ལ་བོད་ནང་ཡར་རྒྱས་གཏོང་ཆེད་ཡུ་སྒོར་ས་ཡ་གཅིག་ཙམ་གཡར་བའི་དངུལ་དེ་དག རྒྱ་ནག་གཞུང་གིས་བེད་སྤྱོད་ཇི་འདྲ་བཏང་ཡོད་མེད་ཐོག་ཡུ་རོབ་སྤྱི་མཐུན་ཚོགས་པའི་འཛིན་སྐྱོང་ལྷན་ཁང་ནས་ཡུ་རོབ་གྲོས་ཚོགས་ལ་གསལ་བཤད་དགོས་པའི་རེ་འདུན་ཡང་བཏོན་ཡོད་འདུག
ཡུ་རོབ་གྲོས་ཚོགས་འཐུས་མི་ཚང་འཛོམས་ཀྱི་ཚོགས་འདུའི་སྐབས་བོད་ཀྱི་གནད་དོན་ཐོག་ཡུ་རོབ་གྲོས་ཚོགས་ཀྱི་ཛ་དྲག་ཚོགས་འདུ་འཚོགས་ཡོད་ཅིང། ཚོགས་འདུ་བརྗོད་གཞི་གཙོ་བོ་རྒྱ་ནག་གིས་《སློབ་ཁྲིད་བརྒྱུད་ལམ་གཙོ་བོ་རྒྱ་སྐད་འཇོག་རྒྱུའི་འཆར་གཞི་》 ཞེས་པའི་ཐོག་ཡིན་པ་རེད།།
{jcomments on}