ཨ་རི་དང་ལྷོ་ཀོ་རི་ཡའི་མཚོ་དམག་གི་སྦྱོང་བརྡར།
ཟླ་འདིའི་ཚེས་༢༣ ཉིན་བྱང་ཀོ་རི་ཡས་ལྷོ་ཀོ་རི་ཡའི་ཐོག་མེ་སྒྱོགས་བརྒྱབ་པར་བརྟེན། ལྷོ་ཀོ་རི་ཡའི་གླིང་ཕྲན་དེས་བསྐྱར་དུ་གཏོར་རྒོལ་བཏང་མི་ཡོང་ངམ་སྙམ་པའི་འཇིགས་སྣང་བྱེད་ཀྱི་ཡོད་པ་དང་། མཚོ་དམག་གི་སྦྱོང་བརྡར་དེ་ནི་ལྷོ་ཀོ་རི་ཡས་བྱང་ཀོ་རི་ཡར་བརྡ་ལན་སྤྲད་པ་ཞིག་ཡིན་སྐོར་གྱི་གནས་ཚུལ་སྤེལ་འདུག དམག་སྦྱོང་དེར་བྱང་ཀོ་རི་ཡའི་མཛའ་གྲོགས་རྒྱ་ནག་གིས་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་ནའང་། བྱང་ཀོ་རི་ཡས་ལྷོ་ཀོ་རི་ཡར་རྒོལ་རྡུང་སྤྲད་པ་དེར་སྐྱོན་བརྗོད་བྱེད་ཀྱི་མེད་པ་རེད། ལྷོ་ཀོ་རི་ཡའི་སྲིད་འཛིན་གྱིས་རྒྱ་ནག་གི་དཔོན་རིགས་ཏཱང་པེན་ཀོ་དང་ཐུག་འཕྲད་སྐབས། སྲིད་འཛིན་གྱིས་ལྷོ་བྱང་གཉིས་ཀྱི་ཀོ་རི་ཡའི་འབྲེལ་ལམ་ཐོག་འགན་ཁུར་ཆེ་ཙམ་དང་། དྲང་བདེན་གྱི་ལངས་ཕྱོགས་འཛིན་དགོས་པར་འབོད་སྐུལ་གནང་བ་དང་། བྱང་ཀོ་རི་ཡས་བསྐྱར་དུ་དཀྲོག་རྐྱེན་བསླངས་ན་རྒོལ་ལན་སྤྲོད་རྒྱུ་ཡིན་སྐོར་འགྲེལ་བརྗོད་བྱས་ཡོད་པ་རེད།
དེ་བཞིན་རྒྱ་ནག་གིས་ལྷོ་ཀོ་རི་ཡའི་མཚོ་གླིང་གི་དཀའ་རྙོག་དེ་ཞི་འཇམ་ངང་སེལ་ཆེད་རྒྱལ་ཁབ་དྲུག་གི་གྲོས་མོལ་ཞིག་ཕྱི་ཟླ་༡༢ པའི་ནང་རྒྱ་ནག་ཏུ་འཚོག་དགོས་པའི་དགོས་འདུན་བཏོན་ཡོད་ནའང། ལྷོ་ཀོ་རི་ཡས་དེར་མོས་མཐུན་གནང་གི་མེད་པ་རེད། གནད་དོན་དབྱེ་ཞིབ་པ་ཚོས་ མ་འོངས་པར་རྒྱལ་ཁབ་དྲུག་གི་གྲོས་མོལ་སྐབས་རྒྱ་ནག་གིས་གནད་དོན་དེ་ལག་ཆར་བེད་སྤྱོད་བྱེད་རྒྱུར་བསྒྱུར་རྩིས་བྱེད་རྒྱུར་དོགས་པ་ཡོད་སྐོར་བརྗོད་འདུག
བྱང་ཀོ་རི་ཡའི་རྒྱལ་ཁབ་ཀྱི་ཆབ་སྲིད་ཀྱི་ལམ་ལུགས་དམར་ཕྱོགས་ཡིན་པར་བརྟེན། རྒྱ་ནག་དང་དམིགས་བསལ་གྱིས་འབྲེལ་བ་ཡོད་པ་མ་ཟད། བྱང་ཀོ་རི་ཡའི་ནང་རྒྱ་ནག་གི་དབང་ཤུགས་དང་། རོགས་སྐྱོར་ཡང་ཤུགས་ཆེན་ཡོད་པ་རེད། རྒྱལ་སྤྱིའི་ཐོག་བྱ་ཀོ་རི་ཡའི་བྱ་སྤྱོད་དེར་སྐྱོན་བརྗོད་བྱེད་བཞིན་ཡོད་པ་དང་། ༢༠༠༨ ལོར་ཨ་རིའི་སྲིད་འཛིན་འོས་འདེམས་སྐབས་སྤྱི་མཐུན་ཚོགས་པའི་འོས་མི་སྐུ་ཞབས་ཇཱོན་མེ་ཁེན་གྱིས། ཀོ་རི་ཡའི་གླིང་ཕྲན་གྱི་དཀའ་རྙོག་དེ་སེལ་ཐབས་ཀྱི་ལྡེ་མིག་ལྟ་བུ་དེ་རྒྱ་ནག་རེད། ཡིན་ནའང་རྒྱ་ནག་གིས་སོ་སོ་འཛམ་གླིང་ནང་འགན་ཁུར་ཡོད་པའི་སྟོབས་ཆེན་རྒྱལ་ཁབ་ཅིག་ཡིན་པའི་སྤྱོད་ཚུལ་སྟོན་གྱི་མི་འདུག རྒྱ་ནག་གིས་བྱང་ཀོ་རི་ཡའི་བྱ་སྤྱོད་ངན་པ་དེ་འགོག་ཐབས་བྱས་ན། རྒྱ་ནག་གི་ཁེ་ཕན་རེད་མོད། ད་བར་བྱང་ཀོ་རི་ཡའི་དམག་འཁྲུག་སློང་རྒྱུའི་བྱ་སྤྱོད་རིགས་འགོག་ཐབས་བྱས་མེད་པ་རེད་ཅེས་བརྗོད་འདུག །{jcomments on}