བཅོམ་ལྡན་འདས་ཀྱིས་བརྟག་དཔྱད་བྱེད་དགོས་གསུངས་འདུག
ཕྱི་ཟླ་༡༡ ཚེས་༣༠ ཉིན་ནས་ཕྱི་ཟླ་༡༢ ཚེས་༢ བར་ཉིན་གསུམ་རིང་བཞུགས་སྒར་དུ་༧གོང་ས་མཆོག་གི་ཨུ་རུ་སུའི་ནང་པའི་དད་ལྡན་པ་རྣམས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་རྒྱལ་སྲས་ལག་ལེན་སོ་བདུན་མ་དང་། དཔལ་གསང་བ་འདུས་པའི་དབང་ཆེན་གྱི་གསུང་ཆོས་གནང་གི་ཡོད་པ་རེད། གསུང་ཆོས་སྐབས་སུ་ཨུ་རུ་སུ་ནས་གྲོས་ཚོགས་འཐུས་མི་གསུམ་དང་། ཏེ་ལོ་རིན་པོ་ཆེ། ཀ་ཙག་སི་ཐཱན་གྱི་དཔལ་འབྱོར་བློན་ཆེན་གཙོས་ཨུ་རུ་སུའི་ས་གནས་ཁལ་མིག་དང་། ཏུར་ཝ་སོགས་ཁག་བཞི་ནས་ནང་པའི་དད་ལྡན་པ་༡༠༣༥ བཅར་ཡོད་པ་དང། སྤྱིར་རྒྱལ་ཁབ་༥༥ ཙམ་ནས་ཡོང་བའི་ཆོས་ཞུ་བ་སྟོང་ཕྲག་བཞི་ལྷག་འཛོམས་ཡོད་པ་རེད།
ཐོག་མར་ནང་ཆོས་ཀྱི་གོ་རྟོགས་སྤེལ་ཆེད་དུ་༧གོང་ས་མཆོག་གིས་ནང་ཆོས་ངོ་སྤྲོད་གནང་དོན། ག་དུས་ཡིན་ཡང་ང་ཡིན་སྙམ་པའི་མི་ཞིག་ཡོད་ན། རྩེད་མོ་ཞིག་བརྩེས་པ་ཡིན་ཡང་རླུང་ལངས་ཀྱི་རེད། ང་དང་ང་ཞེས་ཞེ་དྲག་མི་བཤད་མཁན་དང། མི་ལྷོད་ལྷོད་ཅིག་ཡིན་ན། ཁོ་ལ་རྩེ་མོ་བརྩེས། བརྙས་བརྐོས་པ་ཡིན་ཡང་ལམ་སང་རླུང་ལངས་ཀྱི་མ་རེད། དེ་འདྲ་ཡིན་དུས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྡུག་བསྔལ་ཡོང་བའི་རྩ་བ་དེ་ཆགས་སྡང་གིས་བྱེད་ཀྱི་ཡོད་པ་རེད། ཆགས་སྡང་གི་རྩ་བ་དེ་ང་ཞེས་འཛིན་པའི་ངར་འཛིན་གྱི་བློ་དེ་ལ་ཐུག་གི་ཡོད་པ་རེད། ང་ཞེས་ཨ་འཐས་སུ་འཛིན་པའི་ང་དེ་ག་འདྲ་ཞིག་འདུག་བསམ་བློ་བཏང་བ་ཡིན་ན། ལུས་དེ་ཡང་མིན་པ་དང་སེམས་དེ་ཡང་མིན་པ། གཟུགས་ཚོར་བ་འདུ་ཤེས་འདུ་བྱེད་བཅས་པ་ལས་ལོགས་སུ་ང་ཞེས་པ་ཞིག་བློ་ལ་ཤར་གྱི་འདུག་ཅེས་དང་།
ནང་ཆོས་ལ་དཔྱད་པ་བྱེད་རྒྱུ་གལ་ཆེ་བའི་སྐོར་བཀའ་བསྩལ་དོན། དཔྱད་པ་ཞེ་དྲག་མི་བྱེད་མཁན་ཞིག་ཡིན་ན། ངའི་པཱ་ལགས་ཀྱིས་ཟེར་གྱི་འདུག ངའི་དགེ་རྒན་གྱིས་ཟེར་གྱི་འདུག་ཅེས་ལབ་པ་མ་གཏོགས། ཁུངས་ཞེ་དྲག་མ་གཏུགས་པར་སྦ་རི་སྦི་རི་བྱས་ནས་བཤད་མཁན་ཡོང་གི་རེད། མགོན་པོ་ཀླུ་སྒྲུབ་ཀྱིས་བཅོམ་ལྡན་འདས་ཀྱི་བཀའ་ལ་དཔྱད་པ་གནང་ནས། འདི་སྒྲ་ཇི་བཞིན་པ་ཁས་ལེན་དུ་རུང་བ་རེད། འདི་སྒྲ་ཇི་བཞིན་པ་ཁས་ལེན་དུ་མི་རུང་བ་རེད་ཅེས་ཕར་ཞུ་དག་བཏང་ཡོད་པ་རེད། དེ་བཞིན་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་སངས་རྒྱས་ཀྱི་ཆོས་གསུང་ཡོང་དུས། ཚུལ་གསུམ་གྱི་གཏན་ཚིག་ཤ་སྟག་བཀོད་ནས་ཡོང་གི་འདུག དེར་བརྟེན་དེ་ཚོའི་གྲས་དེ་རིག་པ་སྨྲ་བ་དང་། དཔྱད་པ་བྱེད་མཁན་རེད། དབུ་མ་པའི་ལུགས་དང་འགལ་བའི་གྲུབ་མཐའ་གསུང་ཡོང་དུས་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་རྟོག་གེ་འབར་བའི་ནང་དུ་ཐོགས་མེད་སྐུ་མཆེད་ལའང་ངོ་ཚ་ཁྲེལ་མེད་ཀྱིས་ཞེས་དེ་འདྲའི་ཚིག་བེད་སྤྱོད་གནང་འདུག དེ་དག་རིག་པས་དཔྱད་པ་བྱས་ནས་རིག་པ་དང་འགལ་བ་ཞིག་ཆགས་ཡོང་དུས་ཁས་མི་ལེན་པ་དེ་མཁས་པ་ཚོའི་བྱེད་སྟངས་རེད།
ཆོས་ལུགས་གཞན་དག་གིས་རང་རང་གི་སྟོན་པས་བཀའ་གནང་བ་དེ་ལ་ཐེ་ཚོམ་བྱེད་རྒྱུ་ཡོད་མ་རེད། དྲི་བ་འདྲི་རྒྱུ་ཡོད་མ་རེད་ཅེས་གསུང་གི་འདུག ངའི་བཀའ་ལ་ཡིད་ཆེས་དགོས་པ་རེད་ཅེས་གསུང་གི་ཡོད་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ངའི་བཀའ་ལ་བརྟག་དཔྱད་གྱིས་ཞེས་གསུང་གི་འདུག དེར་བརྟེན་ཀླུ་སྒྲུབ་ལ་སོགས་པས་བརྟག་དཔྱད་གནང་ནས། བཅོམ་ལྡན་འདས་ཀྱི་བཀའ་དཔེར་ན། མདོ་སྡེ་དགོངས་འགྲེལ་ལྟ་བུ་བཅོམ་ལྡན་འདས་རང་གི་བཀའ་ཡིན་པ་རེད་དེ། དངོས་ཟིན་གྱི་ཚིག་གི་ནང་དུ་དཔྱད་པ་བྱས་ན་འགལ་འདུ་འདུག དེ་འདྲ་ཡིན་དུས་སྒྲ་ཇི་བཞིན་པ་ཁས་ལེན་དུ་མི་རུང་བ་རེད། མདོ་སྡེ་དགོངས་འགྲེལ་ནས་གསུངས་པའི་དེ་ཁོ་ན་ཉིད་དེ་དྲང་དོན་རེད་མ་གཏོགས་ངེས་དོན་མ་རེད་ཅེས་ཐག་བཅད་ནས་གསུང་གི་འདུག བོད་གངས་ཅན་གྱི་མཁས་པས་བརྟག་དཔྱད་གནང་ནས་བཤད་སྲོལ་ཡོད་པ་བཞིན། ཆུ་འགོ་གངས་ལ་ཐུག་པ་ཞིག་དགོས་པ་རེད། ཐོག་མར་སྟོན་པས་གསུངས། བར་དུ་པཎ་གྲུབ་ཚོས་བརྡར་ཤ་བཅད་ནས་གཏན་ལ་ཕབ། སྒྲུབ་པའི་དབང་ཕྱུག་གིས་ཉམས་བཞེས་གནང་ནས་རྟོགས་པ་རྒྱུད་ལ་སྐྱེས་པ་ཞིག་བྱུང་ན་ཚད་ལྡན་དུ་བརྩི་ཡི་རེད་ཅེས་དང་།
གསང་འདུས་སྐོར་གསུང་དོན། རྗེ་རིན་པོ་ཆེས་རྩལ་འདོན་གནང་ནས་གཙོ་བོར་གསུངས་པ་དེ་གསང་བ་འདུས་པ་རེད་འདུག རྗེ་རིན་པོ་ཆེའི་གསུང་འབུམ་པོ་ཏི་བཅོ་བརྒྱད་ཡོད་པའི་ནང་དུ་གསང་འདུས་ཀྱི་སྐོར་ལ་ཕལ་ཆེར་པོ་ཏི་བཞི་ལྷག་ཙམ་ཞིག་ཡོད་པ་རེད། རྗེ་རིན་པོ་ཆེས་ཉམས་བཞེས་གནང་ས་དེ་ཡང་ཡི་དམ་མང་པོ་ཡོད་རེད་དེ། གསང་བ་འདུས་པ་གཙོ་བོར་བྱས་ནས་ཉམས་བཞེས་གནང་བ་ཞིག་རེད་འདུག སྤྱིར་ས་སྐྱ་དང་བཀའ་བརྒྱུད་གཉིས་ཀྱི་ནང་དུ་གསང་བ་འདུས་པ་ཡོད་རེད་དེ། རྗེ་རིན་པོ་ཆེས་གསང་བ་འདུས་པ་གཙོ་བཟུང་གནང་གི་ཡོད་པ་རེད་ཅེས་དང་། དེ་བཞིན་འཕགས་པ་ཀླུ་སྒྲུབ་དང་ཀླུ་ཡི་བྱང་ཆུབ་གཉིས་གསང་འདུས་རྒྱུད་རིམ་ནང་དུ་གཙོ་བོ་ཆགས་ཀྱི་ཡོད་པའི་སྐོར་དང་། ཀླུ་སྒྲུབ་རང་གིས་གསང་བ་འདུས་པའི་བསྐྱེད་རིམ་གྱི་སྐོར་དང་། རྩ་རྒྱུད་སྐོར། དེ་བཞིན་རྫོགས་རིམ་སྐོར་ལ་གཞུང་མཛད་པའི་སྐོར་སོགས་ངོ་སྤྲོད་གནང་སོང།
གསུང་ཆོས་ཀྱི་སྐོར་ལ་ཏེ་ལོ་རིན་པོ་ཆེ་ཡིས་གསར་འགོད་པར་གསུང་དོན་ལྟར་ན། ༧གོང་ས་མཆོག་ཨུ་རུ་སུར་ཕེབས་རྒྱུར་ལོ་མང་པོའི་རིང་ཐབས་ཤེས་བྱས་ཀྱང་ཐོངས་མཆན་མ་རག་པའི་རྒྱུ་མཚན་ལ་བརྟེན་ནས་དྷ་རམ་ས་ལར་གསུང་ཆོས་གོ་སྒྲིག་ཞུ་དགོས་བྱུང་བ་རེད། སང་ཉིན་དགེ་ལུགས་པའི་ཡི་དམ་གཙོ་བོ་དཔལ་གསང་བ་འདུས་པའི་དབང་གནང་བ་དང་དགའ་ལྡན་ལྔ་མཆོད་ཆེན་མོ་གཉིས་དུས་གཅིག་ཏུ་ཁེལ་ཡོད་པས་བསྐལ་བ་བཟང་པོ་ཞེ་དྲག་རེད་བསམ་གྱི་འདུག ན་ནིང་ལས་ད་ལོ་མི་མང་བ་བཅར་ཡོད་པ་རེད། ཁོང་ཚོར་གནས་རྩ་ཆེན་དང་། ས་ཆ་མ་འདྲ་བ་ཞིག་ལ་སླེབས་སོང་བསམ་ནས་སེམས་པ་སྐྱིད་པོ་ཡོང་གི་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་ཡོད་པ་རེད།།
{jcomments on}