བཀའ་ཁྲིའི་འོས་མི་ནས་དགོངས་ཞུ་གནང་བ།

དགོངས་ཤོག་དེའི་ནང་འཁོད་དོན། ད་ལམ་ཟླ་༡༡ ཚེས་༡༨ འཁོད་གནང་གནས་འཕྲོད་འབྱོར་ནང་གསལ་ཞིབ་རྟོགས་བྱུང། ལམ་ཙམ་དགོངས་པར་མངའ་གསལ་ལྟར་བློ་དཀར་གྱི་སློབ་གྲོགས་གཅིག་པ་དང། ལས་བྱེད་ཟུར་པའི་ཁོངས། བརྩེ་ལྡན་གྱི་དགའ་ཉེ་གཙོ་གྱུར་རྒྱུན་འདྲིས་ངོ་ཤེས་མི་སྣ་མང་པོ་ཞིག་གིས་གུས་ཆུང་ལ་བོང་བ་གསེར་གཟིགས་ཀྱིས་བཀའ་ཁྲིའི་འོས་གཞིའི་ཁོངས་སུ་ངེས་པར་སྡོད་དགོས་པའི་བསྐུལ་མ་ནན་པོ་སྔ་ཕྱི་བར་གསུམ་དུ་བསྟུད་མར་གནང་བྱུང། ཁོང་རྣམ་པ་ནི། སྐྱིད་ལ་ཁའི་རྩྭ་ལ་མཉམ་ཟ་དང། སྡུག་སྔོན་མོའི་ཆུ་ལ་མཉམ་འཐུང་ཟེར་བ་ལྟར་གུས་ཀྱི་མི་ཚེའི་ནང་དགའ་དུས་གད་མོ་མཉམ་དགོད་དང། སྡུག་དུས་མིག་ཆུ་མཉམ་གཏོང་བཅས་དོན་སྙིང་བདེ་སྡུག་མཉམ་མྱོང་བྱེད་མཁན་གྱི་བློ་མཐུན་གཞུང་བཟང་བཀའ་དྲིན་ཅན་ཤ་སྟག་ཡིན་པར་བརྟེན། ཁོང་རྣམ་པའི་རེ་འདུན་དང་གསུང་ངོ་ལྡོག་མ་ནུས་པར་བཀའ་ཁྲིའི་འོས་གཞིའི་ཁོངས་སུ་བསྡད་པ་ཡིན། ཐོག་མ་ནས་རྒྱ་གར་དུ་རང་གིས་རང་དྲིལ་བསྒྲགས་ཆེད་བསྐྱོད་རྒྱུའི་འཆར་གཞི་མེད།

 

ཨ་རི་ནང་ཁུལ་དུ་གང་དགའ་བབ་ལྟ་བྱེད་རྩིས་ཡོད། སྟབས་ལེགས་པ་ཞིག་ལ་ད་རེས་བཀའ་ཁྲིའི་འོས་གཞིའི་དྲིལ་བསྒྲགས་ལས་འཕྲོས་ཏེ་ལོ་ཤས་གོང་གུས་པར་དཔལ་འབྱོར་ཉེས་འགེལ་གྱི་གླེང་ཕྱོགས་བཟོས་པ་དེའི་སྐོར་ལྷག་བསམ་ཐུགས་སྣང་ཅན་གྱི་མི་སྣ་འགའ་ཞིག་གིས་འབྲེལ་ཡོད་སྐུ་སྒེར་ཡིག་ཚང་དུ་བཀའ་འདྲི་དོགས་གཅོད་ཞུས་པར། དངོས་བདེན་མིན་པའི་དག་སེལ་དཀར་འདོན་གྱི་གསལ་བཤད་དང་འབྲེལ་བྱས་པ་བརྗེད་མེད་དུ་མ་སོང་བར་བསྔགས་བརྗོད་ཀྱི་བཀའ་ལན་ཡིག་ཐོག་ཏུ་བཀའ་དྲིན་ཆེ་འདུག་པ་དེ་ནི་ང་རང་ཁྱིམ་ཚང་བུ་ཕྲུག་དང་བཅས་པའི་བདེན་མཐའ་གསལ་བའི་རྒྱལ་ཁ་ཐོབ་པ་ལྟ་བུའི་དགའ་ཚོར་གྱིས་བློ་ཡིད་ཚིམས་ཏེ་ཨ་རིའི་ནང་ཁུལ་དུ་སྤྱི་མཚུངས་བགྲོ་གླེང་ལ་མགྲོན་འབོད་བྱུང་བ་དེ་དག་ལའང་མཉམ་ཞུགས་བྱས་མེད། ད་རེས་དངོས་གཞིའི་འོས་ཁོངས་སུ་ཚུད་ཙམ་བྱུང་བ་འདི་ཡང་གོང་གསལ་རྣམ་པའི་ཤ་ཚའི་རྒྱབ་སྐྱོར་དང་ཐབས་ཤེས་ཁོ་ནར་བརྟེན་ནས་བྱུང་བ་ལས། རང་ངོས་ནས་རླུང་འཕྲིན་ཁག་གི་དྲི་བར་གཞིགས་པའི་ལན་འདེབས་ཀྱིས་རང་གི་བསམ་ཚུལ་བཤད་པ་དེ་ཙམ་ལས། དེ་མིན་འགྲོ་གྲོན་ཡང་དམིགས་བསལ་དུས་ཚོད་བཏང་སྟེ་འབད་བརྩོན་དཀའ་ལས་བརྒྱབ་པ་གང་ཡང་བྱུང་མེད།

 

ད་དུང་མུ་མཐུད་དངོས་གཞིའི་འོས་མིའི་ཁོངས་སུ་བསྡད་ནས་འགྲན་རྩོད་ཐུབ་པ་འདྲ་ཡིན་ཚེ། འགྱུར་བ་ཕྲན་བུ་འགྲོ་སྲིད་ཀྱང། རང་གཤིས་ཀྱི་ཆ་ནས་འོས་མི་གཞན་གྱིས་གནང་བ་ལྟར་འགྲན་ཡ་མི་ལོན་ཁར། ང་རང་གི་རྒྱབ་སྐྱོར་བ་རྣམས་ལ་འབད་བརྩོན་གསར་པའི་བརྡབ་གསིག་དཀའ་ངལ་འཕར་མ་བཟོ་འདོད་མེད་པ་དང། འོས་ཤོག་ཁ་འཐོར་མི་འགྲོ་བ་བཅས་ཀྱི་རྒྱུ་མཚན་གྱི་ཆ་ནས་འོས་གཞིའི་ཁོངས་ནས་ཕྱིར་འཐེན་བྱ་རྒྱུ་ཡིན་ཞེས་སྙན་གསེང་ཞུ་རྒྱུ་དང། གོ་སྐབས་འདི་བཟུང་ནས་འབྲེལ་ཡོད་སྤྱི་དང། འོས་ཤོག་འཕེན་མཁན་རྣམ་པ་ལྷན་རྒྱས་ལ་སྙིང་ཁོངས་རུས་པའི་གཏིང་ནས་ཐུགས་རྗེ་ཆེ་ལན་བརྒྱར་ཞུ་བ་དང་ཆབས་ཅིག་དངོས་གཞིའི་འོས་ཁོངས་སུ་མ་བསྡད་པར་དགོངས་སེལ་ཡང་ཞུ་རྒྱུ་བཅས་དེ་དོན་རྣམ་མངའ་མཁྱེན་ཞུ་ཞེས་འཁོད་འདུག།།

{jcomments on}