གཉན་ནད་རེག་དུག་ཉིན་མོ་སྲུང་བརྩི།
དེ་དང་བསྟུན་ནས་བོད་གཞུང་འཕྲོད་བསྟེན་བཀའ་བློན་གྱིས་གསུང་འཕྲིན་ཞིག་གནང་བའི་ནང་འཁོད་དོན། བོད་གཞུང་འཕྲོད་བསྟེན་ལས་ཁུངས་ནས་ཕྱི་ལོ་ ༢༠༠༨ ཀྱི་གཉན་ནད་རེག་དུག་ཉིན་མོ་ནས་བཟུང་རང་རིགས་གནས་ཡུལ་གཞིས་ཆགས་ཁག་ནང་ནད་གཞི་ཡོད་མེད་རིན་མེད་བརྟག་དཔྱད་ལས་འགུལ་ཞིག་བརྩམས་ཡོད། དེ་དང་ཆབས་ཅིག་མང་ཚོགས་ཁྲོད་གོ་རྟོགས་ཡོང་ཆེད་ལས་འགུལ་ཡང་ཤུགས་ཆེ་སྤེལ་དང་སྤེལ་མུས་ཡིན། དེར་བརྟེན་བཙན་བྱོལ་བོད་མི་ཕལ་མོ་ཆེས་གཉན་ནད་རེག་དུག་གསལ་རྟོགས་ཐུབ་པ་བྱུང་ཡོད་པའི་རེ་བ་ཡོད་ལ། ནད་གཞི་འདིར་སྨན་བཅོས་བྱས་ཏེ་ནད་རྟགས་ཐོན་པའི་རིགས་ལ་ནད་གཞི་ཇེ་སྡུག་ཏུ་མི་འགྲོ་བར་ཚེ་བསྲིངས་པའི་སྨན་ཡོད་པ་ལས་ནད་གཞི་སངས་དྲག་འགྲོ་རྒྱུ་མེད་པའི་ཐད་ཤེས་རྟོགས་ཡོད་པའི་རེ་བ་ཞུ་བཞིན་ཡོད་ཅེས་དང་།
མུ་མཐུད་འཁོད་དོན། བོད་མི་སྤྱི་བོ་གནམ་བསྟན་ཡོངས་ནས་ནད་གཞི་ཡོད་མེད་བརྟག་དཔྱད་དང་སྔོན་འགོག་གི་ཐབས་ལམ་རྒྱུན་མར་བསྟེན་དགོས་པ་དང་། ནད་གཞི་འགོས་ཟིན་པ་རྣམས་ལ་མཐོང་ཆུང་དང་ཁྱད་གསོད་སོགས་མ་ཡིན་པར་བྱམས་བརྩེའི་ཐོག་ནས་ངོས་ལེན་གནང་དགོས། ཁོང་ཚོའི་ངོས་ནས་ཀྱང་ནད་གཞི་གཞན་ལ་མི་འགོས་པའི་འགན་འཁུར་དང་ལེན་དགོས། བོད་ནང་བོད་མི་ཚོར་རྒྱ་ནག་གཞུང་ནས་བཙན་དབང་གིས་སྐྱེ་སྒོ་འགོག་པ་མ་ཟད། རྒྱ་ནག་ནས་སྨད་ཚོང་མ་མང་པོ་ཞིག་གཞིས་སྤོས་ཀྱིས་བོད་རིགས་སྤུན་ཟླའི་ཁྲོད་གཉན་ནད་རེག་དུག་གཙོས་ནད་གཞི་མང་དག་ཅིག་འཕེལ་ཉེན་ཡོད། བྱེས་འཁོད་བོད་མི་རྣམས་ནས་རྩ་དོན་བསྒྲུབ་རྒྱུར་དམིགས་ཏེ་བོད་མི་གཅིག་ཀྱང་ནད་གཞི་འདི་ལྟ་བུའི་འོག་མ་ཚུད་པ་དགོས་པ་ནི་སྐབས་བབས་ཀྱི་འདོར་དུ་མེད་པའི་ལས་འགན་ཞིག་ཡིན་ཞེས་སོགས་འཁོད་ཡོད་པ་རེད།
སྤྱིར་བོད་གཞུང་འཕྲོད་བསྟེན་ལས་ཁུངས་ཀྱིས་བཙན་བྱོལ་བོད་མིའི་ཁྲོད་ནད་གཞི་དེ་ཡོད་མེད་བརྟག་དཔྱད་ཀྱི་ལས་འགུལ་ཞིག་སྤེལ་བཞིན་པ་དང་། ད་བར་བརྟག་དཔྱད་བྱེད་མཁན་མི་གྲངས་༡༡༣༡༥ བྱུང་ཡོད་པ་དེ་ནི། བཙན་བྱོལ་བོད་མིའི་མི་འབོར་གྱི་བརྒྱ་ཆ་༩ ལྷག་ཙམ་ལས་ཟིན་མེད་པ་རེད། གལ་སྲིད་བཙན་བྱོལ་བོད་མིའི་ཁྲོད་ནད་གཞི་དེ་ཡོད་མེད་བརྟག་དཔྱད་བྱེད་འདོད་ཚེ། བོད་གཞུང་འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་སྨན་ཁང་ཁག་ཏུ་རིན་མེད་ཀྱིས་བརྟག་དཔྱད་གནང་གི་ཡོད་པ་རེད།
འཛམ་གླིང་ནང་ཉིན་རེར་ཆ་སྙོམས་མི་གྲངས་༧༥༠༠ ཙམ་ལ་ནད་གཞི་དེ་འགོས་ཀྱི་ཡོད་ཅིང་། ད་ལྟའི་ཆར་མི་འབོར་ས་ཡ་སུམ་ཅུ་སོ་གསུམ་ཙམ་ལ་གཉན་ནད་རེག་དུག་གི་ན་ཚ་ཡོད་པ་རེད། ལྷག་པར་ཨེ་ཤ་ཡའི་གླིང་ཆེན་ནང་ཉེན་ཚབས་ཆེན་པོ་ཆགས་ཡོད་ཀྱང་། ཚང་མས་སྔོན་འགོག་དགོས་རྒྱུ་གལ་ཆེར་གཟིགས་ནས་དུས་ཐོག་སྨན་ཁང་དུ་བརྟག་དཔྱད་བྱེད་པར་འགྲོ་རྒྱུ་གལ་ཆེན་པོ་ཆགས་ཡོད་པ་རེད།།
{jcomments on}