ང་དང་ཀ་རྡོ་སྒང་གསུམ་རི་ཀློང་གི་མིག་ཆུ།
འཚོལ་ཞིབ་བྱས་པ་སོགས་གང་ཤེས་གང་ཐུབ་བྱས་པ་ཡིན། ང་ཕྱི་ལོ་༡༩༩༡ རྒྱ་གར་དུ་འབྱོར་ནས་ལྷོ་ཕྱོགས་ཀྱི་གཞིས་ཆགས་ཁང་མང་ཆེ་བ་ནང་འགྲོ་མྱོང་ཡོད་པ་དང་། བོད་མི་ཚོའི་འཚོ་བའི་ཐད་ལའང་རྒྱུས་མངའ་ཆེན་པོ་ཡོད། རྒྱུན་དུ་ངའི་བསམ་བློ་ནང་བོད་མིའི་གཞིས་ཆགས་ཁག་དང་ཁ་འཐོར་བོད་མི་ཚོའི་འཚོ་བ། ངས་མཐོང་མྱོང་བའི་ལྷོ་ཕྱོགས་ཀྱི་གཞིས་ཆགས་ཁག་གི་འཚོ་བ་དང་གཅིག་མཚུངས་ཡིན་རྒྱུ་རེད་དྲན་གྱི་ཡོད། བསམ་ཡུལ་ལས་འདས་པ་ཞིག་ལ་བོད་མི་ཚོའི་འཚོ་བའི་དབར་ཧེ་བག་ཆེན་པོ་ཞེ་དྲག་འདུག ཀ་རྡོ་སྒང་གསུམ་ནང་ཡོད་པའི་བོད་པའི་གཞིས་ལ་མཚོན་ན། སོ་ནཱ་ཌ་དང་རང་དབང་ལ་གཉིས་གཞིས་ཆགས་ཀྱི་ཁོངས་སུ་ཡོད་པ་དང། བླ་མ་ཧ་ཌ་གཞིས་ཆགས་ཞེས་འབོད་ཀྱི་ཡོད་རུང་ས་ཁུལ་དེ་ཆུ་སྒང་གི་མིང་ཐོག་ཏུ་ཡོད་པ་དང། ད་ལྟའི་སྐབས་བོད་གཞུང་གིས་བདག་པོ་རྒྱག་རྒྱུ་ཡིན་སྐོར་ས་གནས་དེ་དང་འབྲེལ་བའི་གནད་ཡོད་མི་སྣ་ཞིག་གིས་ང་ལ་གསུངས་བྱུང། རྡོ་རྗེ་གླིང་དང་ཁར་བྱང། སྤོག་རེག་སྤོང། ཀ་ལིམ་པོང་། སྒང་ཏོག་བཅས་ནི་ཁ་འཐོར་བོད་མི་གནས་སྡོད་བྱེད་སའི་ས་ཁུལ་ཡིན་པས། བོད་མི་ཚོའི་འཚོ་བ་རང་སྐྱོང་ཡིན་ཞིང་མང་ཆེ་བས་ཚོང་ཁང་དང་ཟ་ཁང་བདག་གཉེར་བྱེད་ཀྱི་འདུག
རྩོམ་ཡིག་འདིའི་ནང་དགོས་པའི་དབང་གིས་གཞིས་ཆགས་ཁག་གསུམ་གྱི་སྐོར་སྔོན་དུ་འབྲི་བ་ལས་ས་ཁུལ་གྱི་གོ་རིམ་ལྟར་བྱས་ན་དེ་ལྟར་མིན། དཔེར་ན། སཱི་ལི་གྷུར་མེ་འཁོར་བབས་ཚུགས་ནས་ཡར་འགྲོ་སྐབས་དང་པོ་ཁ་བྱང་བོད་མི་ཚོ་གནས་སྡོད་བྱེད་ས་ཐུག་གི་ཡོད། དེ་ནས་རླངས་འཁོར་ཆུང་བ་ཆུ་ཚོད་༢ ཙམ་འགྲོ་ན་སོ་ནཱ་ཌ་བོད་མིའི་གཞིས་ཆགས་སུ་འབྱོར་གྱི་འདུག དེ་ནས་ཆུ་ཚོད་༡ ལྷག་ཙམ་འགྲོ་ན་རྡོ་རྗེ་གླིང་བོད་མི་ཚོ་གནས་སྡོད་བྱེད་སར་འབྱོར་གྱི་འདུག རྡོ་གླིང་དང་སཱ་ན་ཌའི་དབར་སྤོག་རེ་སྤོང་བོད་མི་འདུས་སྡོད་ཆུང་ངུ་དང་བོད་གཞུང་སམ་བྷོ་ཊའི་སློབ་གྲྭ་འདུག ངའི་འཛིན་གྲོགས་ཨ་མདོ་ནས་ཡིན་པ་རྡོ་རྗེ་རིན་ཆེན་སློབ་གྲྭ་དེའི་བོད་དགེ་རེད་འདུག ད་དུང་ཁོང་གི་གྲོགས་པོ་ཡིན་ཟེར་བའི་བོད་དགེ་ཞིག་འདུག་ནག་པང་ཐོག་གི་བོད་ཡིག་སོགས་སློབ་གྲྭ་གཞན་དང་མི་འདྲ་བ་སྤུས་དག་པོ་འདུག ངའི་བསམ་པར་སློབ་གྲྭ་ཆུང་ངུ་དེའི་ནང་བོད་དགེ་ཡག་པོ་གཉིས་འདུག་བསམ་སོང། དེ་ནས་ཚུར་ཆུ་ཚོད་༡ དང་ཕྱེད་ལྷག་ཙམ་ཡོང་ན་བླ་མ་ཧ་ཊ་གཞིས་ཆགས་ཆུང་ངུ་ཞིག་ནང་འབྱོར་གྱི་འདུག གཞིས་ཆགས་དེ་ལ་བོད་མི་མང་པོ་ཞིག་གི་རྒྱུས་མངའ་མི་འདུག་མི་རྒན་པ་འགའ་རེ་ཤེས་ཀྱི་འདུག གཞིས་ཆགས་དེ་ལ་བླ་མ་ཧ་ཊ་ཞེས་མིང་འདོགས་དོན་ནི། གཡས་གཡོན་གྱི་ས་ཁུལ་དུ་བལ་རིགས་བླ་མ་ཟེར་བ་མང་པོ་སྡོད་ཀྱི་ཡོད་པས་དེ་ལྟར་བཏགས་པ་རེད་ཅེས་ཤོད་སྲོལ་འདུག དེ་ནས་ཚུར་ཡོང་དུས་ཀ་ལིམ་པོང་འབྱོར་གྱི་འདུག ཀློག་མཁན་རྣམ་པ་ཚོ་ཀ་ལིམ་པོང་དང་སྒང་ཐོག་གཉིས་ཀྱི་སྐོར་རྩོམ་ཡིན་ལོགས་སུ་འབྲི་རྒྱུ་ཡིན་པས་སྐབས་དེར་གཟིགས་རོགས། ཀ་ལིམ་པོང་ནས་ཟམ་ཆེན་ཞིག་བརྒལ་ནས་ནགས་གསེབ་འགྲོ་ལམ་དོག་པོ་ཞིག་བརྒྱུད་དེ་ཆུ་ཚོད་༢ ཙམ་འགྲོ་ན། བོད་མིའི་གཞིས་ཆགས་རང་དབང་ལ་ལ་འབྱོར་གྱི་འདུག དེ་ནས་རླངས་འཁོར་ཆུང་བ་ཆུ་ཚོད་༢ ལྷག་ཙམ་ཡོང་ན་ཁ་འཐོར་བོད་མི་གནས་སྡོད་བྱེད་ས་འགྲན་ལྗོངས་སམ། ཡང་ན་སི་ཀིམ་མངའ་སྡེའི་རྒྱལ་ས་སྒང་ཐོག་འབྱོར་གྱི་འདུག རང་དབང་ལ་དང་སྒང་ཐོག ཀ་ལིམ་པོང་བཅས་ནི་སི་ཀིམ་མངའ་སྡེའི་ཁོངས་སུ་ཡོད་པ་དང། རྡོ་རྗེ་གླིང་དང་སོ་ན་ཌ། ཁར་བྱང། སྤོག་རེ་སྤོང་། བླ་མ་ཧ་ཊ་གཞིས་ཆགས་བཅས་ནི་ནུབ་བྷན་གྷལ་མངའ་སྡེའི་ཁོངས་སུ་འདུག
དང་པོ་ཀ་རྡོ་སྒང་གསུམ་གྱི་གཞིས་ཆགས་ཁག་ལ་མཚོན་ན། རང་དབང་ལའི་དབུས་བོད་སློབ་འཛིན་གྲྭ་བརྒྱད་པའི་བར་ཡོད་རུང་འཛིན་གྲྭ་རེ་རེའི་ནང་སློབ་མ་ཉུང་ངུ་ལས་མེད་པ་དང་། འཛིན་གྲྭ་དྲུག་པ་ལྟ་བུར་མཚོན་ན་སློབ་མ་གྲངས་༦ ལས་མི་འདུག་དེ་ཡང་ནག་པང་དང་རྐུབ་སྟེགས་སོགས་སྐྱོ་པོ་འདུག ངས་འབྲེལ་ཡོད་བོད་མི་ཞིག་ལ་བོད་ཕྲུག་ཉུང་ངུ་ལས་མེད་པའི་རྒྱུ་མཚན་གང་རེད་ཞུས་པའི་ལན་དུ། མི་ཚང་ཡག་པོ་ཡོད་པ་ཚོས་ཕྲུ་གུ་དབྱིན་ཇིའི་སློབ་གྲྭར་གཏོང་གི་ཡོད་པ་དང་དེ་བཞིན་མཐུན་རྐྱེན་ཅུང་ཟད་ཡོད་པ་ཚོས་བོད་ཁྱིམ་སློབ་གྲྭར་གཏོང་གི་ཡོད་པ་རེད། ང་ཚོའི་སློབ་གྲྭ་འདི་རྩ་བའི་ཆ་ནས་སྐྱོ་པོ་ཡིན་པས་སློབ་གྲྭར་གཏོང་མཁན་ཉུང་ཉུང་རེད་ཅེས་གསུང་གི་འདུག དེས་ན་ས་འདིའི་སློབ་གྲྭར་ཡོང་མཁན་ཚོར་མི་ཚང་སྐྱོ་པོ་ཚོའི་བུ་ཕྲུག་ཡིན་པ་རང་ཤུགས་ཀྱིས་གོ་ཡི་འདུག གཞིས་ཆགས་འདིའི་ནང་གཞིས་གྲོང་༧ ཡོད་པ་དང་མི་འབོར་ཧ་ལམ་༡༥༠༠ ཙམ་ཡོད་འདུག བོད་མི་མང་པོ་ཞིག་གིས་སློབ་གྲྭ་འདིའི་ནང་ཡོང་མཁན་ཉུང་ནས་ཉུང་དུ་འགྲོ་ཡི་ཡོད་པས་འཛིན་གྲྭ་སོགས་ཡར་རྒྱས་བཏང་མ་ཐུབ་ན་མགྱོགས་པོ་སྒོ་བརྒྱབ་ཤོར་ས་རེད་ཅེས་ཐུགས་ཁྲེལ་གནང་མཁན་མང་པོ་འདུག གཞིས་ཆགས་འདིའི་འཚོ་བའི་གཞི་རྟེན་གཙོ་བོ་བུ་ཕྲུག་རྣམས་དམག་སྒར་དུ་ཞུགས་ནས་དེའི་གླ་ཕོག་ལ་བརྟེན་གྱི་ཡོད་པ་དང། ཕོ་གསར་བརྒྱ་ཆ་༦༠ དམག་སྒར་ནང་ཡོད་ཅིང་སྟབས་ལེགས་པ་ཞིག་ལ་ཕོ་གསར་ཚོས་ནང་ལ་གང་ཐུབ་ཐུབ་ལྟ་རྟོགས་བྱེད་པའི་ལམ་སྲོལ་ཞིག་འདུག དེ་མིན་མི་ཚང་རེ་ལ་ཞིང་ཁ་ཨེ་ཀ་རེ་འདུག་སྟེ་ཞོ་ཁོག་ཙམ་ལས་སྐྱེས་ཀྱི་མི་འདུག་དེ་ལའང་དཀའ་ངལ་ཡོད་རབས་མང་པོ་ཤོད་རྒྱུ་འདུག གདན་ཐགས་བཟོ་གྲྭ་ཞིག་འདུག་དེའི་ནང་ལས་ཀ་བྱེད་མཁན་མི་གཅིག་གིས་གདན་གཅིག་ཚར་ན་ཧིན་སྒོར་༡༢༠༠ ཙམ་རག་གི་ཡོད་པ་དང། ཡིན་ནའང་ཟླ་བ་གཅིག་ནང་གདན་གཅིག་ཚར་ལ་མ་ཚར་ལ་བྱེད་ཀྱི་འདུག་ཅེས་གསུང་གི་འདུག མི་ཚང་རེ་ལ་བ་ཕྱུགས་འགའ་རེ་ཡོད་རུང་ཉེ་དུས་བ་ཕྱུགས་རྣམས་ས་གནས་ནགས་སྲུང་བ་ཚོས། སྒོ་ཕྱུགས་དེ་དག་གཞིས་ས་བརྒལ་ནས་ནགས་གསེབ་གཞན་དུ་ཡོང་བར་ཁ་གཡར་ནས་བཀག་ཉར་བྱས་ཏེ། བ་ཕྱུགས་རེ་ལ་ཆད་པ་ཧིན་སྒོར་༢༥༠༠ ལྷག་ཙམ་ལེན་གྱི་ཡོད་པས། བ་ཕྱུགས་གསར་པ་གཅིག་ཉོ་ནའང་ཧིན་སྒོར་༣༠༠༠ ལྷག་ཙམ་ལས་དགོས་ཀྱི་མེད་པས། དེ་ལས་བ་ཕྱུགས་རྣམས་བཙོང་ན་ཡག་ས་རེད་ཅེས་མི་ཚང་མང་ཆེ་བས་གཅིག་གིས་གཅིག་ལ་བལྟས་ཏེ་བ་ཕྱུགས་བཙོང་ཚར་འདུག ཕྱི་རྒྱལ་དུ་ནང་མི་ཡོད་མཁན་མི་ཚང་འགའ་རེ་ལས་མི་འདུག་སྔོན་དུས་ཨ་རིའི་ནང་ཆིག་སྟོང་བཏང་བའི་ཁོངས་སུ་མི་གཅིག་མ་གཏོགས་འགྲོ་ཐུབ་མ་རེད་ཟེར་གྱི་འདུག གཞིས་ཆགས་འདིའི་མི་རྣམས་ཀྱིས་ཕྱི་རྒྱལ་ལ་འགྲོ་འདོད་ཆེན་པོ་དང་ཐར་ཐབས་ཀྱི་ཐབས་ལམ་འཚོལ་མཁན་ཧ་ལམ་མེད་ཚོད་འདུག དྷ་ས་དང་ལྡི་ལི། ལྷོ་ཕྱོགས་ཀྱི་བོད་མི་ཚོས་ཕྱི་རྒྱལ་ལ་འགྲོ་ཐབས་བྱེད་པ་ལྟར་ན། གཞིས་མི་འདི་རྣམས་གཉིད་སད་ཡོད་མ་རེད་ཟེར་དགོས་རེད་དམ། ཡང་ན་གཞིས་ཆགས་སྤྱི་ཡོངས་ནས་ཕྱི་རྒྱལ་ལ་ཡོད་མཁན་མི་ཚང་རེ་གཉིས་ལས་མེད་པས་འགྲན་སེམས་བྱེད་ཡུལ་མེད་པ་རེད་ཟེར་དགོས་ཀྱི་རེད། གང་ལྟར་མི་རྣམས་ཕྱི་རྒྱལ་ལ་འགྲོ་འདོད་ཀྱི་འདུན་པ་ཆུང་བ་དང། ཉམ་ཆུང་བ། རང་གཤིས་དྲང་པ། ཁེངས་དྲེགས་བྱེད་མཁན་མེད་པ་ལྷོ་ཕྱོགས་སོགས་བོད་པའི་གཞིས་ཆགས་ཁག་གཞན་དང་རྩ་བ་ནས་བསྡུར་ས་མི་འདུག ས་ཆ་ནི་ཧ་ཅང་གི་མཁའ་རླུང་གཙང་པ་དང་གཞིས་གྲོང་ནས་ཕར་བལྟས་ན་རི་བོ་རྩེ་ལྔ་ཟེར་བ་མཐོང་གི་འདུག ལ་དེ་ཕར་རྒྱབ་ན་བོད་དུ་སླེབས་ཀྱི་རེད་ཅེས་གཞིས་མི་རྒན་པ་ཚོས་མཛུབ་མོ་བཙུགས་ནས་ངོ་སྤྲོད་བྱེད་སྐབས། མི་རྒན་པ་རྣམས་རང་ཉིད་ཀྱི་ལྟེ་ཁྲག་ཐོག་མ་འཐོར་ས་དང་ཕ་མའི་བྱམས་སྐྱོང་གི་ལུས་གཞི་འཚར་སའི་ལུང་པའི་ནང་ཅི་འདྲའི་འགྲོ་འདོད་ཆེན་པོ་ཡོད་ས་རེད་ཨང་བསམ་གྱི་འདུག འགྲན་ལྗོངས་གཞུང་གི་ཁོངས་སུ་ཧིན་རྡུའི་ཆོས་བྱེད་མཁན་གྲངས་འབོར་མང་ནའང་འགྲན་ལྗོངས་བ་སོགས་ནང་པ་མང་པོ་ཡོད་པས། ཆབ་སྲིད་ཚོགས་པ་ཚོས་འོས་ཤོག་ལ་དམིགས་ནས་གཞིས་ཆགས་དེ་དང་ཉེ་བའི་སར་སྟོན་པའི་གླིང་ཁ་ཟེར་བ་དང། གུ་རུའི་སྐུ་བརྙན། སྤྱན་རས་གཟིགས་ཀྱི་སྐུ་བརྙན་སོགས་མང་པོ་བཞེངས་ཀྱི་འདུག
བླ་མ་ཧ་ཌ་གཞིས་ཆགས་ནང་སྤྱིར་གནས་སྡོད་བྱེད་མཁན་མི་ཚང་དྲུག་མ་གཏོགས་བྱུང་མྱོང་མེད་པ་དང། ད་ལྟའི་སྐབས་ཁང་པ་འགའ་མ་གཏོགས་མི་འདུག ཁང་པ་རྣམས་རྙིང་རལ་དུ་གྱུར་ནས་སྒོ་དང་སྒེའུ་ཁུང་སོགས་ཀྱི་ཤིང་རྣམས་བུད་མེད་གྱུར་ཚར་འདུག ལྷོ་ཕྱོགས་ནས་ཕེབས་པའི་ཚངས་པ་སྐུ་གཞོན་གཉིས་རྙིང་རལ་དུ་གྱུར་ཡོད་པའི་ཁང་ཆུང་ཞིག་གི་ནང་བཞུགས་འདུག ཁོང་གཉིས་ལ་དགོང་མོར་གློག་མེད་པ་དང་ཞལ་ལག་སོགས་ཤིང་སྒྲུག་ནས་སྒྱིལ་བུའི་ཐོག་ཏུ་བཟོ་ཡི་འདུག གློག་སྒྲོན་མེད་པ་གང་ཡིན་ནམ་ཞུས་པས། སྔོན་དུས་ནས་གཞིས་ས་འདིར་བོད་མི་སྡོད་མཁན་མེད་པས་གཞུང་གིས་གློག་གི་བཅད་པ་རེད་ཟེར་གྱི་འདུག་ཅེས་གསུངས་བྱུང། གཞིས་ས་དེ་ནི་ཤིང་སྡོང་དང་རྩྭ། ཞིང་ཁ་ཆུང་ངུ་རེའི་དབར་དུ་གནས་ཡོད་པས་འགྲོ་ལམ་དོག་པོ་འདུག སྔོན་དུས་སྡོད་མཁན་བོད་མི་ཚོས་བཟོས་པའི་བསང་ཁང་དང་རླུང་རྟའི་སྡོང་རིང། འཐུང་ཆུ་ལེན་སའི་ཆུ་མིག རྡོ་ཕ་བོང་སྟེང་བྲིས་པའི་མི་ནི་འབྲི་དྲུག་སོགས་མཐོང་རྒྱུ་འདུག ཁང་པ་དེ་དག་མཐོང་སྐབས་ལུང་པའི་ནང་དམག་འཁྲུག་བྱུང་ནས་མི་རྣམས་གྲོལ་བྱོལ་དུ་སོང་བའི་ཤུལ་ལྟ་བུ་ཚོར་གྱི་འདུག གཞིས་ཆགས་དེ་དང་ཉེ་བའི་ལམ་བར་དུ་བོད་པའི་མི་ཚང་འགའ་རེ་འདུག སྐད་ཆ་ཤོད་སྟངས་དང་རྒྱུན་ལྡན་གྱི་འཚོ་བ་སྐྱེལ་སྟངས་ཧ་ཅང་སྟབས་བདེ་རེད་འདུག ཁོང་རྣམས་ཀྱིས་སྐད་ཆ་ཤོད་སྟངས་སོགས་ལ་བལྟས་ན་རྒྱུན་ལྡན་ནས་བོད་མི་ཚོ་དང་ཐུག་འཕྲད་ཉུང་བའི་རྣམ་པ་གསལ་པོ་མཐོང་གི་འདུག
སཱོ་ན་ཌ་གཞིས་ཆགས་ནང་གི་དབུས་བོད་སློབ་རྡོ་གླིང་བོད་སློབ་ལྟ་བུ་ཅུང་ཟད་ལེགས་པོ་མེད་ནའང། རང་དབང་ལའི་དབུས་བོད་སློབ་ལྟ་བུ་སྐྱོ་པོ་རང་རེད་མི་འདུག སཱོ་ན་ཌ་བོད་མི་གནས་སྡོད་བྱེད་སའི་གཞིས་ཆགས་ནི་རྡོ་གླིང་དང་ཁར་བྱང་གཉིས་ཀྱི་དབར་དུ་ཡོད། སཱོ་ན་ཌ་གཞིས་ཆགས་ཀྱི་ཁོངས་སུ་ཡོད་པའི་བོད་མི་ཚོའི་རྒྱུན་ལྡན་གྱི་འཚོ་སྐྱེལ་སྟངས་ཧ་ལམ་ཁ་འཐོར་བོད་མི་ཚོ་དང་གཅིག་མཚུངས་རེད་འདུག ཡིན་ནའང་བོད་མི་ཚོར་ཞིང་ཁ་ཡོད་རེད་ཟེར་གྱི་འདུག་ང་དགོང་མོར་སླེབས་པས་ཞིང་ཁའི་ནང་འགྲོ་ཐུབ་མ་སོང་ལ། མི་ཚང་རེ་ལ་ཞིང་ཁ་ཆེ་ཆུང་ཇི་ཙམ་ཡོད་མེད་དང་སྟོན་ཐོག་ཡག་པོ་སྐྱེས་ཀྱི་ཡོད་མེད་སྐོར་ཞིབ་དཔྱོད་ཀྱི་དུས་ཚོད་རག་མ་སོང་བས་ཀློག་མཁན་རྣམ་པ་ཚོར་དགོངས་སེལ་ཞུས། ལུང་པ་དེའི་ནང་གོ་ཁར་དང་ནུབ་བྷན་གྷ་ལའི་མངའ་སྡེ་གཉིས་དབར་ཆབ་སྲིད་ཀྱི་གནས་བབས་ལ་འགྱུར་ལྡོག་མང་བས། བོད་མི་ཚོའི་གནས་བབས་ཀྱང་དེ་དག་དང་འདྲེས་ནས་མཚམས་མཚམས་སུ་དཀའ་ངལ་འཕྲད་བཞིན་ཡོད་པའི་སྐོར་གནད་ཡོད་མི་སྣ་ཞིག་གིས་གསུངས་བྱུང་ཡང་དེ་རིང་འདི་ནས་རེ་རེ་བཞིན་བརྗོད་པ་མི་སྤྲོ།
ཁར་བྱང་ཁ་འཐོར་བོད་མི་ཚོ་གནས་སྡོད་བྱེད་ས་དེ་སཱ་ལི་གྷུར་མེ་འཁོར་བབས་ཚུགས་ནས་རྡོ་གླིང་དུ་འགྲོ་སྐབས་དང་པོ་ཐུག་གི་འདུག བོད་མི་བརྒྱ་ཕྲག་ཁ་ཤས་ས་གནས་དེར་སྡོད་ཀྱི་ཡོད་པ་དང། སྔོན་མ་དེར་ཡོད་པའི་བོད་པ་རྙིང་པ་ས་མ་ཤོར་སྔོན་དུ་འབྱོར་ཟིན་པའི་བོད་མི་དང་ད་ལྟའི་བཙན་བྱོལ་བའི་བོད་མི་ཚོ་འཆམ་པོ་ཡོད་ཅིང། རྗེས་སུ་ལྷ་བསྟེན་ཕྱོགས་སྐོར་མ་འཆམ་པ་བྱུང་ནས་བོད་མི་གསར་རྙིང་གཉིས་ཕྱོགས་གཉིས་སུ་གྱེས་འདུག ད་ལྟའི་སྐབས་བོད་མི་ཚོས་འདུ་འཛོམས་ཚོགས་ཁང་སོགས་ལོགས་སུ་ཟིན་ནས་འགྲིག་ཙམ་ཡོད་པ་དང། ས་གནས་དེར་ཡོད་པའི་བོད་མི་མང་ཆེ་བས་ཁ་འཐོར་གྱི་བོད་མིའི་འཚོ་བ་སྟེ་ཟ་ཁང་དང་ཚོང་ཁང་སོགས་ཟིན་ནས་འཚོ་སྐྱེལ་གྱི་འདུག བོད་མི་དེ་དག་བོད་ཞེན་ཆེན་པོ་ཡོད་རུང་ཁོར་ཡུག་གི་དབང་གིས་བོད་སྐད་དང་བོད་ཡིག་སོགས་ལ་དཀའ་ངལ་འཕྲད་བཞིན་ཡོད་པ་གཅིག་མཚུངས་འདུག
ཀློག་མཁན་རྣམ་པ་ཚོ། སྒང་ཐོག་དང་ཀ་ལིམ་པོང་གཉིས་ཀྱི་སྐོར་རྩོམ་ཡིག་ལོགས་སུ་འབྲི་རྒྱུ་ཡིན། གོང་དུ་བྲིས་ཟིན་པའི་གོ་རིམ་འཆོལ་བའི་རྩོམ་ཡིག་འདི་བྲིས་སྐབས་ང་ལ་ཧ་ཅང་གི་དུས་ཚོད་དཀོན་པས་ཡིག་ནོར་བཅོས་རྒྱུ་སོགས་བྱས་ཐུབ་མ་སོང། རང་ཉིད་ཀྱིས་མཐོང་ཐོང་བྱུང་བའི་དྲན་ཐོ་ལྟ་བུ་བྲིས་པ་དང་འདི་དང་འབྲེལ་ནས་ས་གནས་འདི་དག་ནང་ཡོང་མ་མྱོང་བ་ཞིག་ཡིན་ན་ཕན་ཐོག་ཀྱང་ཅུང་ཟད་ཡོང་གི་རེད་བསམ་ནས་བྲིས་པ་ཡིན། གལ་སྲིད་འདིའི་ནང་འཁོད་པའི་གནས་ཚུལ་ཁག་ལ་ནོར་འཁྲུལ་དང་གོ་རིམ་ལྡོག་པ་སོགས་ཡོད་ན་བགྲོ་གླེང་གནང་རོགས། རྩོམ་ཡིག་གི་ཁ་བྱང་དང་རྩོམ་གྱི་བརྗོད་དོན་ལ་འབྲེལ་བ་དེ་ཙམ་མེད་རུང། ཀློག་པ་པོ་ཚོས་དོ་སྣང་ཡོང་ཆེད་དུ་ཁ་བྱང་དེ་འདྲ་ཞིག་བཏགས་དགོས་བྱུང་། ལི་ཐང་འཇམ་དབྱངས་བཟོད་པས་སི་ཀིམ་མངའ་སྡེའི་རྒྱལ་ས་སྒང་ཐོག་ཏུ་བྲིས། ཕྱི་ལོ་༢༠༡༠ ཟླ་༡༡ ཚེས་༢༧ ཉིན།