སྲིད་བློན་ཝུན་ཅ་པའོ་ཡིས་རྒྱ་གར་དུ་སྐོར་བསྐྱོད་བྱེད་འཆར།
ཟླ་འདིའི་ཚེས་༤ ཉིན་རྒྱ་གར་གྱི་གསར་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཚེས་༡༦ ནས་ཉིན་གཉིས་རིང་རྒྱ་ནག་གི་སྲིད་བློན་ཝུན་ཅ་པའོ་རྒྱ་གར་དུ་སྐོར་སྐྱོད་བྱེད་ གཏན་ཁེལ་ཡོད་པ་དང། དེ་དང་བསྟུན་ནས་ལྡི་ལིའི་ཆབ་སྲིད་ཉམས་ཞིབ་ཁང་གིས་གོ་སྒྲིག་འོག རྒྱ་དཀར་ནག་ གཉིས་ཀྱི་གནད་དོན་གླེང་བ་ཞེས་བགྲོ་གླེང་ཞིག་འཚོགས་པ་དང་། རྒྱ་ནག་གཞུང་གིས་ལོ་མང་པོའི་རིང་རྒྱ་གར་གྱི་ས་ཁུལ་མོན་ཡུལ་དང་ལ་དྭགས་ཕྱོགས་ནས་བཙན་འཛུལ་གྱིས་སྤྱི་ལེ་གྲུ་བཞི་མ་མང་པོ་རྒྱ་ཁོངས་སུ་བཅུག་ཡོད་པ་དང། དེ་བཞིན་རྒྱ་གར་དང་པཱ་ཀི་སི་ཐན་གཉིས་དབར་རྩོད་རྙོག་འགྲོ་བཞིན་པའི་རྗཱ་མུ་དང་ཀ་ཤི་སྨྲིར་གྱི་ས་ཁུལ་ལ། རྒྱ་ནག་གཞུང་གིས་ཐེ་གཏོགས་བྱས་ཏེ་པཱ་ཀི་སི་ཐན་གཞུང་ལ་གོ་མཚོན་གྱི་རོགས་རམ་དང། རྒྱ་ནག་གིས་མེ་འཁོར་ལྕགས་ལམ་པཱ་ཀི་སི་ཐན་གྱི་ས་ཁུལ་ཁུལ་ལ་འབྲེལ་མཐུད་ལས་འཆར་བཟོས་ཏེ། དངོས་ཤུགས་བརྒྱུད་གསུམ་ནས་རྒྱ་གར་གཞུང་ལ་འཇིགས་སྐུལ་བྱེད་བཞིན་ཡོད་པས། ད་ཐེངས་རྒྱ་གར་གྱིས་སྲིད་བློན་ཝུན་ཅ་པའོ་ཡི་སྐོར་བསྐྱོད་དང་བསྟུན་ནས་རྒྱ་དཀར་ནག་གཉིས་ཀྱི་རྩོད་རྙོག་རྣམས་རིམ་སེལ་ཡོང་བའི་རེ་བ་རྒྱག་བཞིན་ཡོད་པ་རེད།
དེ་ཡང་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་རའོ་མཆོག་གིས།“པཱ་ཀི་སི་ཐན་གྱི་བདེ་འཇགས་དང་སྤྱི་ཚོགས་འཕེལ་རྒྱས་དེ་རྒྱ་གར་གྱི་ལས་དོན་བྱེད་ཕྱོགས་དང་འབྲེལ་བ་ཆེན་པོ་ཆགས་ཀྱི་ཡོད་པར་ང་ཚོས་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད། ཡིན་ནའང་པཱ་ཀི་སི་ཐན་གཞུང་གིས་རྒྱལ་ཁབ་གཞན་དག་དང་འབྲེལ་བ་བྱེད་པར་རྒྱ་གར་གཞུང་ཕྱོགས་ནས་ནམ་ཡང་ངོ་རྒོལ་བྱེད་ཀྱི་མེད། རྒྱ་གར་གཞུང་ལ་ཐེ་ཚོམ་གང་ཡང་མེད་པའི་ཐོག་ནས་བརྗོད་ཐུབ་པ་ནི། རྒྱ་ནག་དང་པཱ་ཀི་སི་ཐན་གཉིས་ཀྱི་འབྲེལ་ལམ་དམ་པོ་འཛིན་བཞིན་པ་དེར་གནད་དོན་མང་པོ་ཡོད་པ་དང། དམིགས་སུ་བཀར་ནས་རྒྱ་ནག་གི་ཤུགས་རྐྱེན་པཱ་ཀི་སི་ཐན་དུ་སླེབས་ནས་རྗཱ་མུ་ཀ་ཤི་སྨྲིར་གྱི་ས་ཁུལ་ལ་ཐེ་གཏོགས་བྱེད་བཞིན་པ་དང་། རྒྱལ་ཁབ་ཕྱོགས་གཉིས་ཀྱི་བདེ་སྲུང་མཉམ་ལས་དང་མཚོན་ཆ་ཉོ་ཚོང་གི་འབྲེལ་བ་ལ་རྒྱ་གར་གཞུང་ངོས་ནས་སེམས་ཁུར་བྱེད་བཞིན་ཡོད་”ཅེས་དང། བདེ་སྲུང་དྲུང་ཆེས་མུ་མཐུད་ནས། “བོད་ཀྱི་ས་ཁུལ་ནས་ཡོང་བའི་གཙང་པོ་ཁག་ནི་རྒྱ་གར་གྱི་བྱང་ངོས་དང་བྱང་ཤར་ཁུལ་གྱི་མི་འབོར་ས་ཡ་མང་པོའི་འཚོ་བའི་གནས་བབས་དང་འབྲེལ་བ་ཡོད་པ་དང། ང་ཚོས་རྒྱ་ནག་གི་བརྒྱུད་ལམ་ཁག་ནས་ཤེས་རྟོགས་བྱུང་ཡོད་པ་ནི། རྒྱ་ནག་གཞུང་གིས་ས་མཚམས་ཀྱི་གཙང་པོ་ཁ་བསྒྱུར་གྱིས་ཆུ་མཛོད་རྒྱག་གི་ཡོད་པ་དང། ཆུ་མཛོད་དེའི་རྐྱེན་གྱིས་བོད་ཀྱི་གཙང་པོ་རྣམས་ལོངས་སུ་སྤྱོད་བཞིན་པའི་རྒྱ་གར་མི་མང་ལ་ལྡོག་ཕྱོགས་ནས་ཤུགས་རྐྱེན་མི་ཐེབས་པའི་འགན་ལེན་བྱེད་དགོས། རྒྱལ་ཁབ་ཕྱོགས་གཉིས་ཀྱི་ས་མཚམས་ཀྱི་གནད་དོན་ཐད་ལ་གདེང་ཚོད་དང་ལྡན་པའི་ཐོག་ནས་ཐབས་བྱུས་འཛིན་དགོས་པ་དང། རྒྱ་གར་གཞུང་གིས་དྲང་བདེན་དང་རྒྱུ་མཚན་ལྡན་པ། རྒྱལ་ཁབ་གཉིས་ཀས་མོས་མཐུན་བྱེད་ཐུབ་པའི་ཐག་གཅོད་ཡོང་ཐབས་སུ་ལས་དོན་སྒྲུབ་བཞིན་ཡོད་”ཅེས་གསུངས་ཡོད་པ་རེད། དེ་དང་འབྲེལ་ནས་དྲུང་ཆེ་མཆོག་གིས། ཨ་རིའི་སྲིད་འཛིན་ཨོ་བྷ་མས་ཉེ་དུས་རྒྱ་གར་དུ་གཟིགས་སྐོར་སྐབས་གསུང་མྱོང་བ་ལྟར། རྒྱ་གར་གཞུང་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཏན་འཇགས་ཞབས་སྟེགས་ཐོབ་ཆེད་དུ། ད་ལྟའི་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བའི་ཐོག་ནས་རྒྱལ་ཚོགས་ཀྱི་སྒྲིག་གཞི་བསྐྱར་བཅོས་ལ་རེ་བ་བྱེད་བཞིན་ཡོད་སྐོར་ཡང་གསུངས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།།
{jcomments on}