ལས་ཀའི་གྲུབ་འབྲས་སྐོར་ལ་གློག་རྙན་ཞིག་བཟོ་སྐྲུན་བྱེད་ཀྱི་ཡོད།

དབྱིན་ཡུལ་བོད་ཀྱི་དགེ་རྩ་ཚོགས་པའི་ཚོགས་གཙོ་ཕུན་ཚོགས་དབང་རྒྱལ་ལགས་སུ་བོད་ཀྱི་དགེ་རྩ་ཚོགས་པ་དེ་འཛུགས་དགོས་པའི་དམིགས་ཡུལ་གཙོ་བོ་གང་ཡིན་སྐོར་བཅར་འདྲི་ཞུས་པར།

ཁོང་གིས། “བོད་ཀྱི་དགེ་རྩ་ཚོགས་པ་དེ་བཙུགས་ནས་ལོ་ཉི་ཤུ་རྩ་ལྔ་འགྲོ་ཡི་ཡོད་པ་རེད། ཚོགས་པ་དེ་ཆབ་སྲིད་ཀྱི་ཚོགས་པ་མ་ཡིན་པར་བོད་ཕྱི་ནང་གཉིས་ཀྱི་ཤེས་རིགས་དང་འཕྲོད་བསྟེན་དཔལ་འབྱོར་སོགས་ཡར་རྒྱུས་གཏོང་རྒྱུའི་ཆེད་དུ་ཕྱི་ལོ་༡༩༨༥ ལོར་གསར་འཛུགས་བྱས་པ་ཞིག་ཡིན། རྒྱ་གར་དང་བལ་ཡུལ་གཉིས་ཀྱི་ནང་དུ་ལས་ཀ་བྱས་ནས་ལོ་ངོ་ཉེར་ལྔ་དང་། སོག་པོ་དང་བོད་ནང་དུ་ལས་ཀ་བྱས་ནས་ལོ་བཅོ་བརྒྱད་འཁོར་གྱི་ཡོད་པ་རེད། ད་རེས་ང་ཚོ་འདིར་ཡོང་དོན་གཙོ་བོ་ད་ལོ་ནས་བོད་ཀྱི་དགེ་རྩ་ཚོགས་པ་བཙུགས་ནས་ལོ་ངོ་ཉེར་ལྔ་ཧྲིལ་པོ་འཁོར་བའི་དུས་དྲན་གྱི་སྐབས་དང་སྟབས་བསྟུན། ད་ལྟ་བར་དུ་ང་ཚོའི་ཕྱོགས་ཡོངས་ནས་སྐྱབས་བཅོལ་ནང་ལ་རིག་གཞུང་གཅེས་འཛིན་བྱེད་རྒྱུ་དང་སློབ་གསོ་སོགས་ཀྱི་མཚོན་པའི་ལས་ཀའི་གྲུབ་འབྲས་གང་འདྲ་བྱུང་ཡོད་མེད་སྐོར་ལ་གློག་རྙན་མདོར་བསྡུས་ཤིག་བཟོ་སྐྲུན་བྱེད་ཀྱི་ཡོད། གློག་བརྙན་དང་པོ་བོད་ཀྱི་ལྷ་བྲིས་ཀྱི་སྐོར་དང་གཉིས་པ་ཟློས་གར་སྐོར། གསུམ་པ་དགོན་པ་གྲྭ་པའི་སྐོར། བཞི་པ་དེ་བོད་ཀྱི་གཞིས་ཆགས་ཀྱི་སྐོར་དང་། ལྔ་པ་སྨན་རྩིས་ཁང་དང་བཙུན་དགོན། རྒན་གསོ་ཁང་། བོད་ཁྱིམ་སློབ་གྲྭ་སོགས་ཀྱི་སྐོར་ལ་རིམ་པས་གློག་བརྙན་བཟོ་སྐྲུན་བྱས་དང་བྱེད་མུས་ཡིན། གློག་བརྙན་དེའི་མིང་ལ་Tibetan foundation call of the snow land  ཟེར་གྱི་ཡོད་ལ། གློག་བརྙན་དེར་ལེའུ་བརྒྱད་ཡོད་ལ། ལེའུ་དང་པོ་དང་གཉིས་པ་བཏོན་ཚར་པ་རེད། གསུམ་པ་བཞི་པ་རིམ་པས་འདོན་གྱི་ཡིན་”ཞེས་གསུངས་སོང་།

ཡང་ཁོང་གིས་མུ་མཐུད་ནས་གསུང་དོན། རྩ་བའི་ང་ཚོ་བོད་པ་ལ་མཚོན་ན་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གཙོ་བོ་གཉིས་ཡོད་རེད་དྲན་གྱི་ཡོད། གཅིག་ནང་བསྟན་ཆོས་ལུགས་འདི་གཞན་དང་མི་འདྲ་བ་ཞིག་ཡིན་པ་དང། གཉིས་པ་བོད་པའི་ཐུན་མོང་མ་ཡིན་པའི་རིག་གཞུང་འདི་གཉིས་ཆགས་ཀྱི་ཡོད་པ་རེད་ལ་ང་ཚོ་ལ་ཡོད་པ་ཡང་འདི་གཉིས་རེད། ༧གོང་ས་མཆོག་གིས་ང་ཚོ་བཙན་བྱོལ་ལ་ཡོང་དོན་གཙོ་བོ་བོད་པའི་རིག་གཞུང་དང་ཁྱད་ཆོས་གཉིས་བདག་སྲུང་གཅེས་ཉར་བྱེད་ཆེད་དུ་ཡོང་བ་ཡིན་ཞེས་བཀའ་གནང་གི་ཡོད་པ་ནང་བཞིན། ཆ་རྐྱེན་དེ་གཉིས་མ་ཚང་བ་ཡིན་ན། བོད་པ་ལ་དམིགས་བསལ་གང་ཡང་ཡོད་པ་མ་རེད། དེར་བརྟེན་ང་ཚོ་སྐྱབས་བཅོལ་ལ་ཡོང་བའི་ཡོང་གོ་ཆོད་ཡོད་དམ་མེད་སོགས་ལ་ཞིབ་འཇུག་སྔོན་སོང་ཐོག ད་ལྟའི་བར་གང་ཐུབ་ཅི་ནུས་ཀྱིས་ལས་ཀར་འབད་རྩོན་བྱེད་ཀྱི་ཡོད་”ཅེས་འགྲེལ་བརྗོད་གནང་སོང་། དབྱིན་ཡུལ་དོན་གཅོད་ཟུར་བ་ཕུན་ཚོགས་དབང་རྒྱལ་ལགས་ནི་ཁམས་ཏྲེ་ཧོར་དུ་སྐྱེས་ཤིང་ཕྱི་ལོ་༡༩༨༠་ལོར་གོང་ས་མཆོག་གི་སྐུ་ཚབ་ཐེངས་གཉིས་པའི་ནང་བོད་ཆོལ་ཁ་གསུམ་གྱི་ནང་དུ་ཟླ་བ་གསུམ་དང་བྱེད་ཀར་གཟིགས་སྐོར་ལ་ཕེབས་ཡོད་པ་དང་། ཕྱི་ལོ་༡༩༨༡ ལོར་༧གོང་ས་མཆོག་གིས་ཐོག་མར་དབྱིན་ཡུལ་དུ་བོད་གཞུང་སྐུ་ཚབ་དོན་གཅོད་གསར་འཛུགས་མཛད་པ་དེར་སྐུ་ཚབ་དོན་གཅོད་སྐབས་དང་པོའི་ཐུགས་འགན་ཕྱི་ལོ་༡༩༨༡ ནས་༡༩༨༦ བར་བཞེས་ཡོད་ལ་ཕྱི་ལོ་༡༩༨༥ ལོར་བོད་ཀྱི་དགེ་རྩ་ཚོགས་པ་གསར་འཛུགས་མཛད། དེ་རྗེས་སུ་ཕྱི་ལོ་༡༩༩༡ ལོ་ནས་སྐབས་བཅུ་གཅིག་པའི་ཡུ་རོབ་སྤྱི་མཐུན་གྱི་ཕྱག་ལས་གནང་། ད་ལྟ་བོད་ཀྱི་དགེ་རྩ་ཚོགས་པའི་ཚོགས་གཙོའི་ཕྱག་ལས་གནང་བཞིན་ཡོད་པ་རེད་འདུག།
མོན་གྷོ་གསར་འགོད་པ་ཐུབ་བསྟན་བཀྲ་ཤིས་ནས།