འཐུང་ཆུ་བཙག་བྱེད་ཀྱི་འཕྲུལ་ཆས་གསར་བསྐྲུན།

དེ་ཡང་ཐོག་མར་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་དགེ་འདུན་པ་ཁག་གཅིག་གིས་རབ་གནས་གནང་རྗེས་སྐུ་མགྲོན་གཙོ་བོ་རྣམ་པས་དར་ཚོན་གཅོད་གཏུབ་དང་༧གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་མདུན་དུ་སྣང་གསལ་མར་མེ་ཞལ་ཕྱེ་གནང་སོང་། དེ་ནས་གསོལ་ཇ་དང་འབྲས་སིལ་འདེགས་འབུལ་གྲུབ་པ་དང་། ས་གནས་གཞིས་འགོས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་དོན། ང་ཚོའི་འདས་པའི་མི་ལོ་ལྔ་བཅུའི་ནང་དུ་ཞིང་ཁར་རྫས་ལུད་ཕོན་ཆེན་པོ་བླུག་པའི་དུས་ཚོད་ལ་སླེབས་ཡོང་དུས་ས་འོག་གི་ཆུ་ཚང་མ་བཙོག་པོ་ཆགས་ནས་འཐུང་ཐུབ་རྒྱུ་མེད་པ་དང་གལ་སྲིད་འཐུང་བ་ཡིན་ན་མིའི་གཟུགས་པོར་གནོད་པའི་གནས་ཚུལ་བྱུང་བས། ས་གནས་མཉམ་འབྲེལ་གྱིས་འགན་ཁུར་ནས་འཐུང་ཆུ་གསར་བཟོའི་ལས་གཞི་འདི་ཧ་ཅང་གི་གལ་ཆེན་པོ་ཡིན་པ་དང་འཛམ་བུ་གླིང་གི་དཔལ་འབྱོར་ཡར་རྒྱས་སུ་སོང་བ་དང་ཆབས་ཅིག་འཕྲོད་བསྟེན་ཡར་རྒྱས་དང་འཕྲོད་བསྟེན་ལ་དོ་སྣང་ཆེ་རུ་གྲོ་ཡི་ཡོད་པ་རེད། ལྷག་པར་དུ་འཐུང་ཆུ་གཙང་བཟོའི་ལས་གཞི་འདིར་མཐུན་འགྱུར་གནང་མཁན་གཙོ་བོ་འོད་ཟེར་ཚོགས་པའི་སྨན་པ་རབ་བརྟན་ལགས་ཡིན་པ་དང་ཁོང་གིས་ཕྱག་རོགས་གནང་བ་དེ་ཡང་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་གཙོ་པདྨ་བདེ་ལེགས་མཆོག་གིས་དངོས་ཤུགས་བརྒྱུད་གསུམ་ཐོག་ཐབས་ལམ་བཙར་ནས་ཕྱག་རོགས་གནང་བ་ཡིན་པས། ང་ཚོ་ཚང་མས་ཐུགས་རྗེ་ཆེ་ཞེས་ཞུ་གི་ཡོད། གཞན་ཡང་ས་གནས་མཉམ་འབྲེལ་གྱི་མི་མང་ལ་ཕན་པའི་ལས་གཞི་མང་པོ་གསར་བསྐྲུན་དང་སྔར་ཡོད་དག་ད་དུང་ཡར་རྒྱས་གོང་འཕེལ་གཏོང་རྒྱུའི་འབད་རྩོན་གནང་གི་ཡོད་པར་ལེགས་སོར་བསྔགས་བརྗོད་དང་འབྱུང་འགྱུར་མུ་མཐུད་ནས་མཉམ་འབྲེལ་སྡེ་ཚན་ཡོངས་རྫོགས་ནང་བཀྲ་ཤིས་པའི་རྟགས་མཚན་རྐྱང་རྐྱང་ཡོང་རྒྱུར་རེ་བ་དང་ཡིད་ཆེས་བྱེད་ཀྱི་ཡོད་ཅེས་གསུངས་སོང་།

water 4ས་འཐུས་ཚོགས་གཙོ་གུ་རུ་རྒྱལ་མཚན་གྱིས་ལས་གཞི་དེ་དང་འབྲེལ་བའི་སྐོར་ལ་གསུང་དོན། མི་མང་མཉམ་འབྲེལ་གྱི་འཛུགས་སྐྲུན་གྱི་ཡན་ལག་གསར་པ་ཞིག་སྒོ་འབྱེད་ལ་འཚམས་འདྲི་བཀྲིས་བདེ་ལེགས་ཞུ། འཐུང་ཆུའི་ཡན་ལག་སྡེ་ཚན་གསར་འཛུགས་འདི་ཤིན་ཏུ་གནད་འགག་ཆེན་པོ་རེད། སྤྱིར་བཏང་ཡིན་ན་མི་སྒེར་བ་དང་གྲྭ་ཚང་ཁག་གི་མ་བཙུགས་པའི་སྔོན་ལ་སྔ་ས་ནས་མཉམ་འབྲེལ་གྱི་བཙུགས་ཐུབ་དགོས་པ་ཞིག་ཆགས་ཡོད་པ་རེད། ཡིན་ན་ཡང་སྔོན་མ་བཙུགས་མ་ཐུབ་ན་ད་ལྟ་གསར་འཛུགས་ཐུབ་པ་དེ་ཧ་ཅང་ཕན་ཐོགས་ཆེན་པོ་རེད་དྲན་གྱི་ཡོད། དེ་ཡང་ད་ལྟའི་སྐབས་མི་ཚང་མས་ཤེས་ཡོན་དང་འཕྲོད་བསྟེན་ཐོག་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པའི་དུས་ཚོད་ཅིག་རེད། སྔོན་མ་ཡིན་ན་གནས་སྟངས་ཁ་ཁ་རེད། དེང་སེང་ལོ་མང་པོ་ཞིག་ལ་རྫས་ལུད་དང་འབུ་སྨན་སོགས་བེད་སྤྱད་བཏང་བའི་རྐྱེན་གྱིས་ཆུ་བཏུང་རྒྱུར་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད། དེར་བརྟེན། མི་མང་མཉམ་འབྲེལ་གྱིས་འཐུང་ཆུ་གཙང་བཟོའི་ལས་གཞི་འདི་བཙུགས་པ་རེད། ཡིན་ཡང་བཙུགས་པ་ཙམ་གྱིས་ཕན་པ་མ་རེད། མུ་མཐུད་ནས་མཇུག་སྐྱོང་བྱ་རྒྱུ་དང་མཉམ་འབྲེལ་གྱིས་དུས་རྒྱུན་ལས་གཞི་གང་ཡིན་རུང་ཁེ་ཚོང་གི་ཆེད་དུ་མིན་ལ་མི་མང་ལ་ཕན་ཆེད་ཡིན་གསུངས་པ་བཞིན་འཐུང་ཆུ་དེ་ཡང་དུས་ཐོག་ཏུ་མཁོ་སྤྲོད་བྱེད་ཐུབ་ལ་སོགས་ལ་འབད་རྩོན་བྱེད་རྒྱུ་གལ་ཆེན་པོ་རེད་ཅེས་གསུངས་སོང་།

ཡང་བོད་མིའི་སྤྱི་མཐུན་མཉམ་འབྲེལ་ཚོགས་གཙོ་པདྨ་བདེ་ལེགས་ཀྱིས་འཐུང་ཆུའི་ལས་གཞི་དེ་དང་འབྲེལ་བའི་སྐོར་ལ་གསུང་བཤད་གནང་དོན། འགྲོ་བ་མིའི་འཕྲོད་བསྟེན་ནང་དུ་ཆུ་དེ་གལ་ཆེ་ཤོས་ཆགས་ཀྱི་ཡོད་པ་རེད། ངས་དམིགས་བསལ་སྨན་གྱི་སྐོར་ལ་གང་ཡང་ཤེས་ཀྱི་མེད་མོད། ནད་རིགས་བཞི་བརྒྱ་རྩ་བཞིའི་ནད་མང་ཤོས་ཆུའི་ནང་ནས་ཡོང་གི་ཡོད་པ་འདྲ། དེར་བརྟེན། ཆུའི་ལས་གཞི་འདི་ཧ་ཅང་གལ་ཆེན་པོ་རེད། ང་ཚོ་ལྷོ་གཞིས་ཁག་ལྔའི་ནང་ཆུའི་ལས་གཞི་འདི་འགྲོ་དང་འགྲོ་བཞིན་པ་རེད། ང་ཚོའི་སྤྱིན་བདག་གཙོ་བོ་འོད་ཟེར་ཚོགས་པའི་སྨན་པ་རབ་བརྟན་ལགས་ལ་མཚོན་ན་༧རྒྱལ་བ་རིན་པོ་ཆེ་ལ་དད་གདུང་བླ་མེད་ཡོད་པ་མ་ཟད་བོད་མི་རིགས་ཀྱི་ཐོག་ལ་ཤ་ཞེན་འཛིན་མཁན་ཞིག་ཡིན་པས། མོ་རང་ལ་དངུལ་སྤྲོད་ཀྱི་ཡོད་མེད་ལ་མ་ལྟོས་པར་མི་རེ་རེ་ས་ནས་དངུལ་གྱི་རོགས་རམ་བཙལ་ནས་ཨོ་རི་ས་གཞིས་ཆགས་ཀྱིས་མཚོན་པའི་བོད་མིའི་ལྷོ་ཕྱོགས་གཞིས་ཁག་གི་ནང་སློབ་ཕྲུག་བཞི་བརྒྱ་ལྷག་ལ་སྦྱིན་བདག་དང་སྨན་ཁང་རྒྱག་པ་སོགས་ཀྱི་ཐོག་གང་ཐུབ་ཅི་ནུས་ཀྱིས་རོགས་རམ་བྱེད་ཀྱི་ཡོད་པ་རེད། ཕྱི་རྒྱལ་རོགས་ཚོགས་ཀྱིས་ག་རེ་ཡི་ཆེད་དུ་རོགས་རམ་གང་བྱས་པ་དེ་བག་མེད་ལོངས་སྤྱོད་ཆུད་ཟོས་སུ་མི་འགྲོ་བ་དང་དུས་ཚོད་དག་དག་ནང་ལས་ཀ་བྱེད་ཐུབ་པར་འབད་བརྩོན་བྱེད་དགོས་པ་རེད། དེ་ཡང་དུས་ཚོད་ཐུང་ཐུང་ནང་ལ་ལས་ཀ་བྱས་ནས་ལན་སྤྲད་པ་ཡིན་ན་ཁོང་ཚོས་དགའ་བོ་བྱེད་ཀྱི་འདུག་ལ། ཐེངས་གཉིས་པ་ཡང་འཆར་གཞི་གཞན་པའི་ཐོག་རོགས་རམ་ཞུས་པ་ཡིན་ན་ཁོ་ཚོས་མོས་མཐུན་བྱེད་ངེས་རེད། མ་གཞི་ཕྱི་རྒྱལ་རོགས་ཚོགས་སུ་ཡིན་རུང་གཙོ་བོ་༧རྒྱལ་བ་རིན་པོ་ཆེའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ཡོང་གི་ཡོད་པ་རེད་མ་གཏོགས་ང་ཚོ་སུ་གང་ཡང་འཇོན་གྲགས་ནས་ནུས་པ་གང་ཡང་ཡོད་པ་མ་རེད། ཡིན་ན་ཡང་མི་མང་མཉམ་འབྲེལ་གྱིས་གཙོས་ང་ཚོ་ཚང་མའི་འགན་ཁུར་ཡོད་པའི་ཐོག་ནས་ལས་ཀ་བྱེད་དགོས་པ་རེད། ང་ལ་ཡང་ཁྱེད་རང་ཚོའི་མ་འོངས་པར་འཕྲོད་བསྟེན་དང་ཤེས་ཡོན་ཐོག་ལ་ཁ་ཡོད་ལག་ཡོད་ཀྱི་འཆར་གཞི་གང་ཡོད་གནང་བ་ཡིན་ན་གང་ཐུབ་ཅི་ནུས་ཀྱིས་ཞབས་ཞུ་ཞུ་ཐུབ་ལ་འབད་བརྩོན་བྱེད་རྒྱུ་ཡིན་ཞེས་གསུངས་སོང་།
མོན་གྷོ་གསར་འགོད་པ་ཐུབ་བསྟན་བཀྲིས་ཀྱིས།