བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་མི་སྣ་ཁག་ཅིག་ཡུ་རོབ་ཏུ་བསྐྱོད་པ།

dawarinchen_123ཟླ་བ་རིན་ཆེན་ལགས་ཀྱིས་གསུང་དོན། ཉེ་ཆར་ཕྱི་ཟླ་༡༡ ཚེས་༡༥ ནས་ཚོང་ལས་བདེ་ཚོགས་ཀྱི་མི་སྣ་ཁག་ཅིག་ཚོང་དོན་ཆེད་དུ་ཡུ་རོབ་ཏུ་བསྐྱོད་པའི་གོ་སྐབས་ཤིག་བྱུང་བ་རེད། གཙོ་བོ་ཧྥ་རན་སི་དང་། བྷེལ་རྗམ། སི་པན་བཅས་ལ་སོང་བ་རེད། དེའི་དམིགས་ཡུལ་གཙོ་བོ་ནི། ང་ཚོས་མ་རྩ་སྤུངས་ནས་འཛམ་བུ་གླིང་སྤྱི་ཡོངས་ཀྱི་ཚོང་རྒྱག་སྟངས་ནང་བཞིན་བྱེད་པའི་གནས་སྟངས་ཆགས་ཡོད་མ་རེད། ང་ཚོས་མ་རྩ་ཆུང་ཆུང་ཞིག་གི་ཐོག་ནས་ཚོང་རྒྱག་གི་ཡོད་པ་རེད། ཡིན་ན་ཡང། གཙོ་བོ་དེ་ང་ཚོ་བོད་པས་ཚོང་རྒྱག་ཐུབ་ཀྱི་རེད་དམ་མ་རེད། འཛམ་གླིང་སྤྱི་ཡོངས་དང་དཔུང་པ་མཉམ་གཤིབ་བྱེད་ཀྱི་རེད་དམ་མ་རེད་ཅེས་པའི་དྲི་བ་དེ་སླེབས་ཀྱི་ཡོད་པ་རེད། རྒྱུ་མཚན་དེ་ལ་ཐུག་གི་ཡོད་སྟབས་ང་ཚོ་ཡུ་རོབ་ཏུ་འགྲོ་དོན་གཙོ་བོ་གཅིག་དེ་རེད། གཉིས་པ། ང་ཚོས་སྤྱི་ཡོངས་ཀྱི་ཚོང་གི་འགྲོ་སྟངས་བཞིན་ད་ལྟ་ནས་བྱེད་རྒྱུའི་གྲ་སྒྲིག་མ་བྱས་ན། ཆབ་སྲིད་ཀྱི་དཀའ་ངལ་ཞིག་གི་འོག་ལ་ལྷག་བསྡད་ཡོད་རེད་དེ། ང་ཚོའི་འཚོ་བ་དང་འབྲེལ་བ་ཡོད་པ་དང་། མ་འོངས་པར་ང་ཚོའི་རྒྱལ་ཁབ་ཀྱི་འཛུགས་སྐྲུན་ལ་མེད་དུ་མི་རུང་བ་ཞིག་རེད་ཅེས་དང་།

 

ད་ལྟའི་འཆར་གཞི་དེ་རྒྱུན་ལས་ཚོས་ཚོགས་འདུ་འཚོགས་ནས་ཚོགས་མི་རྣམས་ལ་གསལ་བསྒྲགས་བྱས་ནས། རང་ངོས་ནས་འགྲོ་སོང་བཏང་སྟེ་དང་བླངས་ཀྱི་ཐོག་ནས་སྤྱི་པའི་ལས་དོན་བསམ་པ། དེ་དང་མཉམ་དུ་ཚོང་པའི་ཁེ་བཟང་དེ་ཚོར་བལྟས་ནས་ཕེབས་ཐུབ་མཁན་ཡོད་ན་ཕེབས་རོགས་ཞེས་ཞུས་པ་རེད། དེར་བརྟེན་མི་སྒེར་སོ་སོས་འགྲོ་སོང་བཏང་ནས་ཕྱིན་པ་རེད། དེ་ལ་རོགས་སྐྱོར་གནང་མཁན་ཧྥ་རན་སིའི་བོད་གཞུང་དོན་གཅོད་ལ་སོགས་པས་གྲོས་ཚོགས་འཐུས་མི་མཉམ་དུ་འབྲེལ་བ་གནང་བ་བཅས་བྱུང་བ་རེད། ས་གནས་དེ་དག་ཏུ་ཚོང་པའི་ཀུན་སྤྱོད་སོགས་ལ་སྐོར་ལ་སློབ་སྦྱོང་དང་། ང་ཚོའི་ཚོང་གི་རྩ་བ་རིག་གཞུང་ལ་ཐུག་བསྡད་ཡོད་དུས། ང་ཚོ་ལ་ཚོང་རྒྱ་ཆེན་པོ་ཡོད་མ་རེད་དེ། སྤྱི་ཚོགས་ཀྱི་འགན་ཁུར་ཞིག་བླངས་ནས་ཚོང་པའི་ཚུལ་ཁྲིམས་ཇི་ལྟར་སྲུང་དགོས་མིན་བཅས་ཀྱི་ཐད་ང་ཚོའི་ཚོང་པ་ཚོ་གཞན་དང་མ་འདྲ་བ་ཞིག་བྱེད་ཐུབ་པའི་ཆེད་དུ་རེད། གཙོ་བོ་དེ་རིང་ཐེངས་དང་པོ་ཡིན་སྟབས་འབྲེལ་ལམ་གྱི་ལམ་ཁ་ཞིག་གཏོད་རྒྱུ་དེ་རེད་ཅེས་སོགས་འགྲེལ་བརྗོད་གནང་སོང་།

 

ད་ཐེངས་བོད་ཀྱི་ཚོང་ལས་བདེ་ཚོགས་ཀྱི་ཚོགས་མི་རྒྱ་གར་དང་བལ་ཡུལ་ནས་མི་གྲངས་༡༧ དང་ཁེ་ན་ཌ་དང་སུད་སི་ནས་ཚོགས་མི་རེ་རེ། དེ་བཞིན་ཧྥ་རན་སི་ནས་ཚོགས་མི་ཁག་ཅིག་བཅས་ཁྱོན་མི་གྲངས་༢༠ ཙམ་ཡུ་རོབ་ཁུལ་དུ་བསྐོར་བསྐྱོད་ཀྱིས་ཡུ་རོབ་ཚོང་དོན་སྒྲིག་འཛུགས་དང་འབྲེལ་བ་བྱེད་ཐུབ་པ་བྱུང་བ་མ་ཟད། ཧྥ་རན་སི་དང་བྷེལ་རྗམ། སི་པན་བཅས་ཀྱི་གྲོས་ཚོགས་འཐུས་མི་ཁག་ཅིག་ལ་བོད་ཀྱི་ཚོང་གི་འགྲོ་སྟངས་ཐོག་རྒྱབ་སྐྱོར་ཡོང་ཐབས་ཀྱི་རེ་འདུན་ཞུས་པ་བཞིན་མ་འོངས་པར་རྒྱབ་སྐྱོར་གནང་རྒྱུའི་ཁས་ལེན་གཙང་མ་གནང་ཡོད་འདུག ཕྱི་ཟླ་༡༡ ཚེས་༣༠ ཉིན་མི་སྣ་གཅིག་ཀྱང་མ་ལུས་པར་རྒྱ་གར་དང་བལ་ཡུལ་དུ་ཕྱིར་ལོག་བྱས་ཡོད་པ་རེད། བོད་པའི་ཚོང་ལས་བདེ་ཚོགས་ཀྱི་ངོས་ནས་མ་འོངས་པར་ཨུ་རུ་སུའི་མངའ་འོག་གི་ཁལ་མུག་སྤྱི་མཐུན་རྒྱལ་ཁབ་དང་ཨ་རི་བཅས་སུ་ཚོང་དོན་འབྲེལ་ལམ་ཆེད་དུ་འགྲོ་རྒྱུའི་འཆར་གཞི་ཡོད་པ་རེད།།

{jcomments on}