ཞི་བདེའི་གཟེངས་རྟགས་ཀྱི་མཛད་སྒོ་ལ་རྒྱ་ནག་གི་དོགས་ཟོན།

ཟླ་འདིའི་ཚེས་༥ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་དུས་རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཨཱ་ཝ་ཡི་པེ་ཅིང་ནས་ལྷོ་ཀོ་རི་ཡར་ཕེབས་སྐབས། རྒྱ་ནག་གི་ཉེན་རྟོག་པ་ཡོང་ནས་གནམ་ཐང་དུ་ཕྱི་བསྐྱོད་མི་ཆོག་པ་བཀག་འགོག་བྱས་ཡོད་པ་དང། ཁོང་པེ་ཅིང་གནམ་ཐང་དུ་བཀག་འགོག་བྱས་རྗེས། ཁ་པར་བརྒྱུད་ནས་རིའུ་ཊར་གསར་འགོད་པར། “ང་ཕྱི་བསྐྱོད་བྱས་པ་དེས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་འཇིགས་སྐུལ་བྱེད་ཀྱི་ཡོད་པས། ཕྱི་བསྐྱོད་བཀག་འགོག་བྱས་པ་དེ་ཁྲིམས་ལུགས་གཞིར་བཞག་ནས་ལས་དོན་སྒྲུབ་ཀྱི་ཡོད་ཅེས་རྒྱ་ནག་གཞུང་གིས་བརྗོད་བྱུང་། བྱེད་སྟངས་འདི་ནི་ཧ་ཅང་གི་བྱབ་ཆུང་རེད། ང་བཀག་འགོག་བྱས་པ་དེ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོར་ཞུགས་པའི་དོགས་ཟོན་བྱེད་ཀྱི་ཡོད་ཚོད་འདུག ད་ལྟའི་སྐབས་གཟེངས་རྟགས་ཀྱི་གནད་དོན་ཐད་ལ་རྒྱ་གཞུང་གིས་ཧ་ཅང་སེམས་འཚབ་བྱེད་ཀྱི་ཡོད་པ་རེད་”ཅེས་གསུངས་ཡོད་པ་རེད།

སྒྱུ་རྩལ་བ་ཁོང་གིས་༡༩༧༩ ལོར་སྒྱུ་རྩལ་གྱི་རང་དབང་ཆེད་དུ་ངོ་རྒོལ་བྱེད་མྱོང་ཡོད་པ་དང། ༢༠༠༨ ལོར་རྒྱ་ནག་ཏུ་ཨོ་ལིམ་པིག་རྩེད་འགྲན་ཚོགས་ཁང་བྱིའུ་ཚང་གི་བཟོ་དབྱིབས་ཅན་གྱི་ཁང་བཟོའི་ཇུས་འགོད་པ་གནང་ཡོད་ཅིང་། དེ་བཞིན་ཉེ་དུས་ཞི་བདེའི་གཟེངས་རྟགས་བཞེས་མཁན་རྒྱ་རིགས་ལིའུ་ཞོ་པོ་ལ་རྒྱབ་སྐྱོར་བྱེད་མཁན་ཡང་ཡིན་འདུག སྒྱུ་རྩལ་བ་ཁོང་བཀག་ཉར་འོག་ཡོད་པ་དང་། ཧྲང་ཧེ་ནང་ཡོད་པའི་ཁོང་གི་པར་ཁང་ཡང་རྒྱ་གཞུང་གིས་ལྟ་རྟོགས་འོག་བཙན་ཉར་བྱས་ཡོད་པ་རེད།

དེ་བཞིན་ཉེ་དུས་སྐུ་ཞབས་ལིའུ་ཞོ་པོ་ཡི་ཁྲིམས་རྩོད་པ་མོ་ཞའོ་ཕིང་དབྱིན་ལན་དུ་ཚོགས་འདུར་འགྲོ་སྐབས། རྒྱ་གཞུང་གིས་ཞི་བདེའི་གཟེངས་རྟགས་ཀྱི་མཛད་སྒོར་ཞུགས་པར་དོགས་ཟོན་གྱིས་བཀག་འགོག་བྱས་ཡོད་པ་དང། རྒྱ་ནག་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་ཚོགས་པས། “རྒྱ་ནག་གི་ཉེན་རྟོག་པ་དང་ས་མཚམས་སྟངས་འཛིན་ལས་བྱེད་པ་ཚོས། རྒྱ་ནག་ཏུ་གཏན་སྡོད་བྱེད་མཁན་སུ་འདྲ་ཞིག་ཡིན་རུང་ཕྱི་རྒྱལ་ཁག་ལ་འགྲོ་བསྐྱོད་བཀག་འགོག་དམ་དྲག་ཆེ་རུ་གཏོང་བཞིན་ཡོད་པ་དེ། ཞི་བདེའི་གཟེངས་རྟགས་ཀྱི་མཛད་སྒོར་ལྷན་ཞུགས་བྱེད་པའི་དོགས་ཟོན་བྱེད་ཀྱི་ཡོད་པ་རེད་”ཅེས་ཁྱབ་བསྒྲགས་བྱས་ཡོད་པ་རེད།།

{jcomments on}