བཙུན་དགོན་ཤུག་གསེབ་ཨོ་རྒྱན་རྫོང་གསར་བཞེངས་ལེགས་གྲུབ།

opening_shugseb5ཟླ་འདིའི་ཚེས་༧ ཉིན་དྷ་སའི་ཉེ་འགྲམ་བཙུན་དགོན་ཤུག་གསེབ་ཨོ་རྒྱན་རྫོང་གི་རྟེན་དང་བརྟེན་པ་བཅས་པ་ལེགས་གྲུབ་བྱུང་བའི་མཛད་སྒོར་༧གོང་ས་མཆོག་ཆིབས་བསྒྱུར་གནང་ནས་དབུ་འབྱེད་རབ་གནས་མཛད་ཡོད་པ་རེད། གཞན་ཡང་མཛད་སྒོའི་ཐོག་བཙན་བྱོལ་བོད་གཞུང་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། གཞན་ཡང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་འགན་འཛིན་དང་སྐུ་ཚབ་རྣམ་པ། ཤུག་གསེབ་དགོན་པའི་སྦྱིན་བདག་གཙོ་བོ་སོགས་ཕེབས་ཡོད་པ་རེད།

 

opening_shugseb2མཛད་རིམ་ཆུང་གྲས་རྣམས་གྲུབ་རྗེས་ཤུག་གསེབ་་དགོན་པའི་སློབ་དཔོན་ཨོ་རྒྱན་སྒྲོལ་མ་ལགས་ཀྱིས་ཤུག་གསེབ་བཙུན་དགོན་གྱི་ལོ་རྒྱུས་དང་འབྲེལ་བའི་སློབ་གཉེར་བྱེད་ཕྱོགས་སྐོར་སྙན་སྒྲོན་ཞུས་རྗེས། བཙུན་མ་འགའ་ཞིག་ལ་ཕྱག་ཁྱེར་བསྩལ། དེ་རྗེས་བཙུན་མའི་ལས་འཆར་གྱི་ངེས་སྟོན་པ་བཀའ་ཟུར་རིན་ཆེན་མཁའ་འགྲོ་ལགས་ཀྱིས་ལས་བསྡོམས་སྙན་སྒྲོན་ཞུས་དོན། བཙུན་མའི་ལས་འཆར་ཁང་ནི་ཐོག་མར་ཕྱི་ལོ་༡༩༨༤ ལོར་བོད་ཀྱི་བུད་མེད་ལྷན་ཚོགས་ཐོག་མར་འགོ་བཙུགས་པ་ནས་བཟུང་༧གོང་ས་མཆོག་གི་བཀའ་སློབ་བཞིན་༡༩༨༧ ལོ་ཙམ་ནས་བཙུན་མའི་ལས་འཆར་ཁང་ཟུར་དུ་བཙུགས་ནས་ལྟ་རྟོགས་གནང་བ་རེད། བཙུན་མའི་ལས་འཆར་ཁང་གི་འོག་ལ་བཙུན་དགོན་ཁག་༨ དང་།  ཁ་འཐོར་གྱི་བཙུན་མ་བསྡོམས་པའི་བཙུན་མ་༧༡༠ ཙམ་ལ་ལྟ་རྟོགས་བྱེད་བཞིན་པ་ཡིན། དེའི་ནང་ནས་སྤི་ཏི་དང་ལ་དྭགས་ཟངས་དཀར་གཉིས་སུ་བཙུན་དགོན་གཉིས་ཡོད་པ་དེར་སློབ་སྦྱོང་སོགས་ཀྱི་ཐད་ལ་རོགས་པ་ཞུ་ཡི་ཡོད། དེ་དག་ལ་ལོ་རེར་འགྲོ་སོང་ཁྱོན་བསྡོམས་ཧིན་སྒོར་ས་ཡ་བཅུ་བདུན་ལྷག་ཙམ་འགྲོ་ཡི་འདུག འཇང་དགུན་ཆོས་དེ་དབུ་བཙུགས་ནས་གལ་ཆེན་པོར་བརྩི་ཡི་ཡོད། བཙུན་མའི་ལས་འཆར་ཁང་གི་དམིགས་ཡུལ་སློབ་སྦྱོང་ཡར་རྒྱས་གཏོང་རྒྱུ་ཡིན་དུས་འཇང་དགུན་ཆོས་དེས་སློབ་སྦྱོང་ཡར་རྒྱས་འགྲོ་བར་ཕན་ཐོགས་ཞེ་དྲག་འདུག་ཅེས་དང་། ཤུག་གསེབ་བཙུན་གསར་བཞེངས་ཀྱི་ཆེད་དུ་ཁྱོན་བསྡོམས་ཧིན་སྒོར་ས་ཡ་༧༢ ལྷག་ཕྱིན་འདུག་ཅེས་སྙན་སྒྲོན་ཞུས་སོང་།

 

opening_shugseb3དེ་རྗེས་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེ་མགོན་པོ་ཕུན་ཚོགས་ལགས་ཀྱིས་ཆོས་རིག་ལས་ཁུངས་ཀྱི་གསུང་བཤད་སྙན་སྒྲོན་ཞུས་རྗེས། ༧གོང་ས་མཆོག་གིས་བཙུན་དགོན་གྱི་ལས་བྱེད་རྣམས་ལ་གསོལ་རས་དང་མཇལ་ཁ་གནང་། དེ་ནས་༧གོང་ས་མཆོག་གིས་བཀའ་སློབ་གནང་དོན། ལོ་ཡུན་འདི་དག་རིང་ལ་ཐུགས་ཁུར་བསྐྱེད་ནས་ཕྱག་ལས་གནང་མཁན་རྣམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྦྱིན་བདག་ཚོ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།     ཁྱེད་རང་ཚོ་ཞལ་འདེབས་སྤྲོད་མཁན་ཡིན་ན་འདྲ། ལུས་པོའི་དཀའ་ལས་རྒྱག་མཁན་ཡིན་ན་འདྲ་ཚང་མས་རྣམ་དཀར་གྱི་ལས་ཤིག་བསགས་ཡོད་དུས་བསྔོ་བ་སྨོན་ལམ་བྱས་པ་ཡིན་ན་ཕན་ཐོགས་ཏན་ཏན་ཡོད་པ་རེད། སྤྱིར་ལུང་རྟོགས་ཀྱི་བསྟན་པ་དེ་བཤད་སྒྲུབ་གཉིས་ཀྱི་ཐོག་ནས་འཛིན་དགོས་པ་རེད། བོད་ནང་དུ་དགོན་པ་རིགས་གཅིག་ཆོ་ག་འདོན་པ་མ་གཏོགས་སློབ་གཉེར་བྱེད་པར་དམིགས་ལྟོས་ཞེ་དྲག་མེད་པ་རེད། བཙན་བྱོལ་ནང་དུ་དེ་སྔོན་བོད་ཀྱི་ནང་དུ་འགྲོ་སྟངས་ག་རེ་ཡིན་ན་འདྲ། བོད་པ་གཙོས་པའི་ནང་པའི་ཆོས་བྱེད་མཁན་རྣམས་དུས་རབས་ཉེར་གཅིག་པའི་ཆོས་པ་ཞིག་བྱེད་དགོས་པ་རེད་ཅེས་བཤད་ཀྱི་ཡོད་ཅེས་དང་།

 

opening_shugseb4བཅོམ་ལྡན་འདས་ཀྱིས་འདྲ་མཉམ་གྱི་ཐོག་ནས་དགེ་སློང་ཕ་དང་དགེ་སློང་མ་ཞེས་གནང་ཡོད་པ་རེད། བོད་ནང་དུ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པའི་ལུགས་ཀྱི་དགེ་སློང་མའི་སྡོམ་རྒྱུན་ཕལ་ཆེར་མེད་པའི་བཟོ་འདྲ་ཞིག་རེད། འཁོར་རྣམ་བཞི་ཚང་བའི་ཡུལ་དེ་ཡུལ་དབུས་སུ་བརྩི་ཡི་ཡོད་དུས། འཁོར་རྣམ་བཞི་མ་ཚང་བ་རེད། འཁོར་རྣམ་བཞི་ཚང་བའི་ཡུལ་དབུས་སུ་འདུ་བ་ལ་དགེ་སློང་མ་དགོས་ཀྱི་ཡོད་པ་རེད། དགེ་སློང་མ་སྒྲུབ་པ་ལ་རྒྱལ་བ་རིན་པོ་ཆེའི་མཚན་བེད་སྤྱོད་བྱས་ནས་ཐག་གཅོད་བྱེད་ཐུབ་རྒྱུ་མེད་པ་རེད། སྡོམ་པ་ངས་འབོག་གི་ཡོད་ཀྱང་། འདུལ་བའི་འགྲོ་སྟངས་སྤྱི་དང་མཐུན་པ་བྱས་ནས་ལས་སློབ་དང་གསང་སྟོན་བཅས་པ་དགོས་པ་མ་གཏོགས་མི་གཅིག་གིས་ཐུབ་རྒྱུ་མེད་པ་རེད། དགེ་སློང་མའི་སྡོམ་རྒྱུན་དགོས་ཀྱི་ཡོད་རེད་དེ། ངས་ཐག་གཅོད་ཐུབ་པ་ཡོད་མ་རེད། འདུལ་བ་འཛིན་པ་ཚོས་གོ་སྡུར་བྱས་ནས་འདུལ་བའི་གཞུང་དང་མཐུན་པ་བྱེད་དགོས་པ་རེད། དབང་དང་བྱིན་རླབས་ཟེར་བ་དེ་དག་དག་སྣང་གི་ཐོག་ནས་ཡོང་ཐུབ་ཀྱི་རེད། འདུལ་བའི་ལག་ལེན་ཟེར་བ་དེ་དག་སྣང་གི་ཐོག་ནས་ཡོང་ཐུབ་རྒྱུ་ཡོད་མ་རེད། དེ་རིམ་པས་གོ་སྡུར་ཡོང་གི་རེད། ང་ཚོས་ཐག་བཅད་ནས་བྱེད་ཐུབ་པ་དེ་སློབ་གཉེར་བྱས་ནས་བཙུན་མ་ཚོ་དགེ་བཤེས་མ་བཟོ་རྒྱུ་དེ་རེད་ཅེས་སོགས་བཀའ་སློབ་གནང་སོང་།

 

དེ་རྗེས་བཙུན་མའི་ལས་འཆར་གྱི་ངེས་སྟོན་པའི་ཕྱག་རོགས་བློ་བཟང་བདེ་ཆེན་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ནས་མཛད་སྒོ་ལེགས་འགྲུབ་བྱུང་ཡོད་པ་རེད། མཛད་རིམ་རྣམས་གྲུབ་རྗེས་༧གོང་ས་མཆོག་ཕྱིར་ཕོ་བྲང་དུ་ཆིབས་བསྒྱུར་གནང་རྗེས། སྐུ་མགྲོན་དང་མི་མང་ལ་གསོལ་ཚིགས་འདེགས་འབུལ་དང་། ཐང་སྟོང་གླུ་གར་ཚོགས་པས་གཞས་སྣ་ཁག་ཅིག་གཟིགས་འབུལ་ཞུས་ཡོད་པ་རེད།།

{jcomments on}