༧གོང་ས་མཆོག་དང་ཧི་མ་ཅལ་བློན་ཆེན་ལྷན་འཛོམས་གསོལ་སྟོན།

དེ་རིང་ཞོགས་པ་ཧཱི་མ་ཅལ་མངའ་སྡེའི་དགུན་དུས་ཀྱི་གྲོས་ཚོགས་ཉིན་མཐའ་མའི་དུས་དང་བསྟུན་ཏེ། དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་མདུན་ཐང་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས། ཞོགས་ཇའི་གསོལ་སྟོན་སྟབས་བདེ་ཞིག་གོ་སྒྲིག་བྱས་པའི་ཐོག ༧གོང་ས་མཆོག་དང་ཧཱི་མ་ཅལ་མངའ་སྡེའི་བློན་ཆེན། མངའ་སྡེ་གྲོས་ཚོགས་ཀྱི་ཚོགས་གཙོ་བགྲེས་གཞོན་གཉིས། ཕྱོགས་འགལ་ཚོགས་པའི་ཚོགས་གཙོ། གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག ཀང་ར་རྫོང་ཉེན་རྟོག་ལས་ཁུངས་ཀྱི་འགན་འཛིན་དང་ས་གནས་ཀྱི་དཔོན་རིགས་ཁག་ཅིག དེ་བཞིན་བོད་གཞུང་གི་མང་གཙོ་ཀ་བ་གསུམ་གྱི་མཛད་རྣམ་པ་བཅས་ཕེབས་ཡོད་པ་རེད།

dalai lama_9_december_2010_withཐོག་མར་སྤྱི་འཐུས་ཚོགས་གཙོ་གཞོན་རྒྱ་རི་སྒྲོལ་མས་གསོལ་སྟོན་ཐོག་ཕེབས་པའི་སྐུ་མགྲོན་ཚང་མར་འཚམས་འདྲིའི་གསུང་བཤད་གྲུབ་པ་དང། མངའ་སྡེའི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོས། ༧གོང་ས་མཆོག་དབུ་བཞུགས་ཐོག་ཚང་མ་ལྷན་འཛོམས་ཀྱི་གསོལ་ཇའི་གོ་སྐབས་ཐོབ་པ་ཧ་ཅང་གི་རྩ་ཆེན་ཡིན་པ་དང། གོ་སྒྲིག་བྱེད་སྟངས་ཡག་པོ་ཆགས་འདུག་པས་དགའ་པོ་བྱུང་ཞེས་སོགས་ཀྱི་གསུང་བཤད་གནང་སོང།

དེ་རྗེས་མངའ་སྡེའི་བློན་ཆེན་པཱི་རིམ་ཀུ་མར་དྷུའུ་མཱལ་མཆོག་གིས། “དེ་རིང་འདིར་འཛོམས་པ་དེ་ཞོགས་ཇ་གཅིག་པུའི་ཆེད་དུ་མིན་པར། འདི་ནི་༧གོང་ས་མཆོག་གི་ཐུགས་རྗེའི་བྱིན་རླབས་ཐོབ་ཆེད་དུ་ཡིན་པ་དང།  ༧གོང་ས་མཆོག་ནི་ལྷ་མི་ཡོངས་ཀྱི་མགོན་སྐྱོབ་ཡིན་པས། ང་ཚོར་དེ་རིང་ཁོང་གི་མདུན་དུ་འདི་འདྲའི་མཇལ་ཁ་ཐོབ་པ་དེ་ཤིན་ཏུ་ནས་བསྐལ་བ་བཟང་པོ་རེད་དྲན་གྱི་ཡོད། སྤྱིར་བཏང་འཕགས་བོད་གཉིས་དབར་ཆོས་དང་རིག་གནས་ཀྱི་འབྲེལ་བ་གཏིང་ཟབ་པོ་ཡོད་པ་དང། དེ་བཞིན་བོད་ཀྱི་ནང་ཆོས་དེ་རྒྱ་གར་ནས་ཕར་བོད་དུ་དར་བ་རེད་མོད། ད་ལྟའི་སྐབས་ནང་ཆོས་ཀྱི་རིག་གནས་རྣམས་རྒྱ་གར་བ་ཚོས་བོད་པ་བརྒྱུད་ནས་ཚུར་ལེན་དགོས་པ་ཞིག་ཆགས་ཡོད་པ་རེད། མཐར་དོན་༧གོང་ས་མཆོག་གི་སྐུ་ཚེ་ཡུན་དུ་བརྟན་པ་དང། ༧གོང་ས་མཆོག་གི་དབུ་འཁྲིད་འོག་ནས་བོད་ཀྱི་བདེན་མཐའ་སེལ་བའི་རེ་བ་དང་ཡིད་ཆེས་བརྟན་པོ་ཡོད་ལ། སྨོན་ལམ་ཡང་རྒྱག་གི་ཡོད་”ཅེས་གསུངས་སོང།

dalai lama_9_december_2010༧གོང་ས་མཆོག་གིས་བཀའ་སློབ་གནང་དོན། “ངས་རྒྱུན་དུ་ནས་ཁོང་ལ་ངའི་མངའ་སྡེ་བློན་ཆེན་ཞེས་ཞུ་ཡི་ཡོད། ཁོང་དང་དེ་མིན་གྲོས་ཚོགས་ཀྱི་འཐུས་མི་སོགས་གྲོས་ཚོགས་འཚོག་པའི་དུས་དང་བསྟུན་ནས། དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཁང་ནས་ཞོགས་ཇའི་གསོལ་སྟོན་སྟབས་བདེ་ཞིག་བཤམས་པའི་ཐོག་ཕེབས་པར་ཚང་མར་འཚམས་འདྲི་ཞུ་རྒྱུ་ཡིན། དགུན་ཁའི་གནམ་གཤིས་ཡིན་པས་གནམ་གཤིས་ཀྱི་ཆ་ནས་སྤྲོ་སྣང་འཕེལ་བ་གང་ཡང་མི་འདུག་སྟེ། ངའི་ངོ་ཤེས་པ་ཞིག་གིས་གཙུག་ལག་ཁང་མདུན་ཐང་གི་ཐོག་དཀར་པོ་དེའི་སྦྱིན་བདག་བྱས་ཏེ་བརྒྱབ་པ་རེད། དེ་རིང་ལྷན་འཛོམས་གནང་བ་དེ་འདི་ཚར་པའི་མཛད་སྒོ་ཞིག་ཡིན་”ཞེས་ཞད་མོ་དང་སྦྲགས་ཏེ་གསུངས་སོང།

ཡང་༧གོང་ས་མཆོག་གིས་མུ་མཐུད་ནས། “སྤྱིར་འཕགས་བོད་གཉིས་བླ་མ་དང་སློབ་མའི་འབྲེལ་བ་ཟབ་མོ་ཞིག་ཡོད་པ་ཚང་མས་མཁྱེན་གསལ་རེད། ང་རང་སྒེར་གྱི་མི་ཚེའི་དབང་དུ་བྱས་པ་ཡིན་ནའང། ངས་ཆོས་ཞུ་སའི་བླ་མའི་ནང་ལ་ཁུ་ནུའི་བླ་མ་རིན་པོ་ཆེ་བསྟན་འཛིན་རྒྱལ་མཚན་དང།  རྒན་རིག་འཛིན་བསྟན་པ་གཉིས་ཀ་ཁུ་ནུ་ཁུལ་ནས་ཕེབས་པ་ཞིག་རེད་ལ་མངའ་སྡེ་འདི་ནས་རེད། དེ་ནས་ལོ་༥༠ ལྷག་ཙམ་གྱི་རིང་ལ་ས་ཆ་འདིའི་སྒང་ལ་བསྡད་པ་རེད། ལུས་སེམས་གཉིས་ཀ་བདེ་ཞིང་སྐྱིད་པ་དེའི་ཐོག་ལ་བསྟན་པ་སྤྱིའི་ཞབས་འདེགས་བསྒྲུབ་རྒྱུ་དང་། བོད་གངས་ཅན་ལྗོངས་ཀྱི་རང་དབང་གི་འཐབ་རྩོད་ཀྱི་ལས་ཀ་བྱེད་རྒྱུ་སོགས། ས་ཆ་འདིའི་སྒང་ནས་སྒྲུབ་ཀྱི་ཡོད་པས་ས་ཆ་འདི་ཞེ་དྲག་རྩ་ཆེན་ཡིན། དེ་ནས་ང་ཚོ་ཚང་མ་ངོ་ཤེས་པ་དང་ནང་ཚགས་ཆགས། ང་ཚོ་ག་དུས་ཐུག་པ་ཡིན་ནའང་གྲོགས་པོ་ནང་ཚགས་ཐུག་པའི་ཚོར་བ་སླེབས་ཀྱི་འདུག དེ་དང་ཆབས་ཅིག་འདས་པའི་ལོ་བཅུ་ཕྲག་ལྔ་དེའི་རིང་ལ། བློན་ཆེན་མི་འདྲ་བ་ཞལ་རས་གསར་པ་དེ་འདྲ་ཕེབས་ཡོང་གི་འདུག དེས་ག་རེ་མཚོན་གྱི་ཡོད་རེད་ཅེས་ན། དེ་ནི་རྒྱ་གར་ནང་མང་གཙོའི་ལག་ལེན་ཡོད་པ་ཞིག་དང།  མི་མང་གིས་འོས་བསྡུའི་ཐོག་ནས་གཙོ་འཛིན་ཡར་སླེབས་ཀྱི་ཡོད་ཅིང། ལོ་ཁ་ཤས་སོང་པའི་རྗེས་སུ་ཡང་མི་མང་གིས་དབྱིངས་ཏོག་ཙམ་ཡལ་པའི་རྗེས་སུ། མི་གསར་པ་ཞིག་ཡར་འདེམས་ཀྱི་ཡོད་པ་དེ་གཟི་བརྗིད་ཆེན་པོ་རེད་འདུག དེས་ན་ང་ས་ཆ་འདིར་བསྡད་ནས་མང་གཙོ་ཞེས་པའི་ཉམས་མྱོང་ལེན་ས་དཔེ་ཡག་པོ་རེད་འདུག
dalai lama_9_december_2010_groubཉེ་སྔོན་བྷི་ཧར་མངའ་སྡེ་པཱ་ནཱ་ནང་མངའ་སྡེ་གཞུང་གིས་ནང་པའི་ལྷ་ཁང་ཆེན་པོ་ཞིག་བཞེངས་འདུག དེར་ནང་པའི་ཡུལ་ཁག་དེ་འདྲ་ནས་བཅོམ་ལྡན་འདས་ཀྱི་གདུང་རིང་བསྲེལ་གདན་དྲངས་ནས། ང་ལ་ས་གནས་དེ་ཤོག་གསུངས་པ་བཞིན་ང་བཅར་བ་ཡིན། སྐབས་དེ་དུས་མངའ་སྡེའི་བློན་ཆེན་གྱིས། བཅོམ་ལྡན་འདས་ཀྱི་ཐུགས་རྗེའི་བྱིན་རླབས་ལ་བརྟེན་ནས། མངའ་སྡེ་འདི་ཡར་རྒྱས་མགྱོགས་པོ་འགྲོ་ཐུབ་རྒྱུའི་རེ་བ་ཡོད་ཅེས་གསུངས་སོང། མངའ་སྡེའི་བློན་ཆེན་དེ་ངའི་ངོ་ཤེས་རེད། དེ་ནས་ངས་ནང་ཚགས་བྱས་ཏེ་གཏམ་བཤད་བྱེད་སྐབས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཐུགས་རྗེའི་བྱིན་རླབས་ལ་བརྟེན་ནས་ཡར་རྒྱས་འགྲོ་ཡི་ཡོད་ན་སྔ་མོ་ནས་ཡར་རྒྱས་འགྲོ་དགོས་ཀྱི་རེད། ཡིན་ནའང་མངའ་སྡེ་བློན་ཆེན་འཇོན་ཐང་ཡོད་མཁན་ཞིག་མ་སླེབས་བར་དུ་ཡར་རྒྱས་འགྲོ་ཐུབ་ཀྱི་ཡོད་མ་རེད། དེས་ན་བཅོམ་ལྡན་གྱི་བྱིན་རླབས་དེར་མངའ་སྡེ་བློན་ཆེན་གྱི་ལག་པས་འཇུས་ནས་བྱིན་རླབས་དེ་འཇུག་པ་རེད་ཅེས་ཞུས་པ་ཡིན། མངའ་སྡེ་དེའི་ནང་ལ་ཆ་མཚོན་ན་ལྷ་ཁང་མང་པོ་ཞེ་དྲག་འདུག ལོ་རྒྱུས་ཡོད་པའི་གནས་ཆེན་དེ་འདྲ་མང་པོ་ཡོད་རེད། ཡིན་ནའང་དངོས་ཡོད་གནས་ཚུལ་ཐོག་མངའ་སྡེ་ཡར་རྒྱས་འགྲོ་བ་ལ། མངའ་སྡེ་བློན་ཆེན་གྱིས་དབུ་ཁྲིད་ནས་ཁྱེད་རང་ཚོ་ཚང་མས་དངོས་ཡོད་ལག་ལེན་གྱི་ཐོག་ནས་ཡར་རྒྱས་འགྲོ་རྒྱུའི་སྟོབས་ཤུགས་ཆེན་པོ་ཡོད་རེད། མངའ་སྡེ་ཡར་རྒྱས་འགྲོ་རྒྱུའི་ཕྱག་ལས་གང་ཅིའི་ཐད་ལམ་འགྲོ་ཡག་པོ་ཡོང་ཐུབ་རྒྱུའི་སྨོན་ལམ་ཞུ་ཡི་ཡོད་”ཅེས་གསུངས་སོང།

དེ་རྗེ་སྐུ་མགྲོན་ཡོངས་རྫོགས་༧གོང་ས་མཆོག་དང་ལྷན་བཞུགས་ཀྱི་སྐུ་པར་སྒྲོན་ནས་གསོལ་སྟོན་གྲོལ་ཡོད་པ་རེད།

{jcomments on}