ཆག་བཞིན་པའི་གྲྭ་བཙུན་གྱི་གྲངས་འབོར།
ཡིག་རྨོངས་མ་སེལ་བའི་བརྒྱ་ཆ་༡༥ ཙམ་ཡོད་པ་དེ་ཡང་ལོ་ནའི་བབས་ཀྱི་ཐོག་ནས་བལྟས་ན་ཕལ་ཆེ་བ་བགྲེས་སོང་དང་བོད་ནས་སློབ་སྦྱོང་གི་གོ་སྐབས་མ་རག་པར་བཙན་བྱོལ་དུ་འབྱོར་བ་རྣམས་རེད། ད་ལྟའི་ཆར་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་བྱིས་པ་སློབ་ལོ་སོན་པ་བརྒྱ་ཆ་བརྒྱ་ལ་སློབ་ཞུགས་ཀྱི་གོ་སྐབས་མ་རག་པའི་དཀའ་ངལ་གཏན་ནས་མེད་པ་དང་། སློབ་གྲྭར་གཏོང་འདོད་མེད་པའི་ཕ་མ་ཡང་གཏན་ནས་མེད། ད་ལྟའི་མི་འབོར་ཞིབ་བཤེར་གྱི་གནས་སྟངས་ལྟར་ན་བཙན་བྱོལ་བོད་མི་ཁྱོན་༡༢༧༩༣༥ ཡོད་པ་དང། དེའི་ནང་སྐྱེས་པ་༧༠༥༥༦ དང་བུད་མེད་༥༧༣༧༩ ཡིན་པས་བུད་མེད་ལས་སྐྱེས་པ་༡༣༡༧༧ མང་བ་ཆགས་འདུག ༡༩༩༨ ལོའི་མི་འབོར་ཞིབ་བཤེར་དང་བསྡུར་ན་ད་ལྟ་མི་གྲངས་༡༦༩༡༥ ཙམ་འཕར་ཆ་ཡོད་ཀྱང། སྔོན་མ་གྲྭ་བཙུན་གྱི་གྲངས་འབོར་བརྒྱ་ཆ་༡༢ ལྷག་ཙམ་ཡོད་པ་ལས་ད་ཆ་བརྒྱ་ཆ་༩ ཙམ་ལ་མར་ཆག་ཡོད་པ་རེད། གནད་དོན་འདིའི་ཐོག་ནས་ཤེས་ཐུབ་པ་ནི་བཙན་བྱོལ་བོད་མིའི་གྲྭ་བཙུན་གྱི་གྲངས་འབོར་ནི་ལོ་བཅུའི་ནང་སྤྱིའི་མི་འབོར་གྱི་བརྒྱ་༣ ཙམ་ལས་མར་ཆག་མེད་ནའང། གནས་སྟངས་མང་པོ་ཞིག་གི་ཐོག་ནས་བལྟས་ན་ལོ་༢༠ ཙམ་གྱི་རྗེས་སུ་གྲྭ་བཙུན་གྱི་གྲངས་འབོར་ཧ་ཅང་ཉུང་དུ་འགྲོ་རྒྱུ་ཡིན་པ་གསལ་པོར་གྱུར་འདུག ད་ལྟའི་ཆར་མི་འབོར་ཞིབ་བཤེར་ནང་འཛུལ་ཞུགས་བྱེད་མ་ཐུབ་པ་དང་ཆེད་དུ་འཛུལ་ཞུགས་མ་བྱས་པ་གང་མང་ཞིག་བྱུང་ཡོད་ངེས་ཀྱང། གྲྭ་བཙུན་མང་ཆེ་བ་རྒྱ་བལ་འབྲུག་གསུམ་ཁུལ་དུ་ཡོད་པས་མི་འབོར་ཞིབ་བཤེར་ནང་ཆེད་དུ་འཛུལ་ཞུགས་མི་བྱེད་མཁན་དོལ་རྒྱལ་བསྟེན་གསོལ་བྱེད་མཁན་ཉུང་ཤས་ཙམ་ལས་གྲྭ་བཙུན་ཕལ་ཆེ་བ་མི་འབོར་ཞིབ་བཤེར་འདིའི་ནང་འཛུལ་ཞུགས་བྱེད་ཐུབ་ཡོད། ཕྱི་ལོ་༢༠༠༨ ལོར་བོད་གཞུང་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་བོད་ཀྱི་གྲྭ་བཙུན་གྱི་སློབ་གཉེར་ལེགས་བཅོས་ཞིབ་འཇུག་ཚོགས་ཆུང་གིས་ཞིབ་འཇུག་བྱས་པའི་སྙན་ཐོའི་ནང་བཙན་བྱོལ་ནང་གི་གྲྭ་བཙུན་གྱི་སྤྱིའི་གྲངས་འབོར་ནང་བོད་ནས་ཕེབས་པ་བརྒྱ་ཆ་བདུན་ཅུ་མ་ཟིན་ཙམ་ཡིན་པ་དང། ཧི་མ་ལ་ཡའི་རི་རྒྱུད་ནས་ཕེབས་པ་དང་བོད་པ་མ་ཡིན་སོགས་ཀྱི་གྲྭ་བཙུན་གྱི་གྲངས་འབོར་བརྒྱ་ཆ་ཉི་ཤུ་ལྷག་ཟིན་ཡོད། བཙན་བྱོལ་ནང་སྐྱེས་པའི་གྲྭ་འབོར་གྱིས་བརྒྱ་ཆ་དྲུག་ཙམ་ལས་ཟིན་མེད་པ་(མཆན། དཔྱད་གཞིའི་ཡིག་ཆ་ངོ་མ་བཙལ་རྙེད་མ་བྱུང་ཡང། བརྒྱ་ཆའི་གྲངས་འབོར་ཡིད་ལ་ངེས་པ་དེ་བྲིས་པ་ཡིན།) སོགས་ཀྱིས་བཙན་བྱོལ་བོད་མིའི་གྲྭ་བཙུན་གྱི་འབོར་ཆེ་ཤོས་དེ་བོད་ནས་ཕེབས་མཁན་ཡིན་པ་གསལ་སྟོན་བྱས་ཡོད་པ་རེད།
ཐོག་མར་གཞིས་བྱེས་གཉེན་འཕྲད་ཀྱི་གོ་སྐབས་ཐོབ་པའི་རྗེས་སུ་བོད་ནས་གསར་དུ་འབྱོར་བའི་ན་གཞོན་མང་ཆེ་བ་རིས་མེད་ཀྱི་གདན་ས་ཁག་ཏུ་འཛུལ་ཞུགས་བྱས་ཡོད་པ་དང། ད་ལྟའི་ཆར་གདན་ས་ཁག་ཏུ་འཛུལ་ཞུགས་བྱེད་མཁན་ཧ་ཅང་ཉུང་དུ་སོང་ཡོད་པ་མ་ཟད། ཕྱི་ལོ་༢༠༠༨ ལོའི་བོད་ནང་གི་ཞི་རྒོལ་བྱུང་རྗེས་བོད་ནས་བྲོས་བྱོལ་དུ་ཡོང་ཐུབ་མཁན་ཆེས་དཀོན་པ་དང། ཅུང་ཙམ་འབྱོར་བ་དག་ཀྱང་སློབ་གྲྭ་ཁག་ཏུ་འཛུལ་ཞུགས་བྱེད་པ་ལས་གྲྭ་སར་འགྲོ་མཁན་ཧ་ཅང་ཉུང་ངུ་ལས་མེད། ད་ལྟའི་ཆར་ཆོས་བརྒྱུད་ཁག་གི་གྲྭ་བཙུན་ནང་ཆོས་མགོ་མི་ཐོན་མཁན་མང་བ་དང་གསར་དུ་འཛུལ་ཞུགས་བྱེད་མཁན་མེད་སྟབས། ད་ལྟའི་བོད་པའི་སྤྱི་ཚོགས་ནང་གྲྭ་བཙུན་མང་དྲགས་པའི་སེམས་འཚབ་བྱེད་མཁན་མང་ཡང་དོན་དངོས་ཐོག་གྲྭ་བཙུན་གྱི་གྲངས་འབོར་ནི་ལྟག་ཆུ་ཆད་པའི་རྫིང་བུ་བཞིན་དུ་གྱུར་ཟིན་པས། མ་འོངས་པར་དགོན་སྡེ་ཁག་ཏུ་གྲྭ་བཙུན་མང་པོ་ཡོད་སྲིད་ཀྱང་བོད་པ་ཧ་ཅང་དཀོན་པའི་གནས་སྟངས་ཤིག་ཡོང་ངེས་པ་ནི་ཕྱོགས་གང་ནས་བལྟས་ཀྱང་ཧ་ཅང་གསལ་པོར་གྱུར་འདུག གྲྭ་འབོར་མང་མི་དགོས་པའི་བསམ་ཚུལ་འཛིན་མཁན་དག་ལ་རྒྱུ་མཚན་གཏན་ནས་མེད་པ་མིན་ཡང། གྲྭ་བཙུན་གྱི་གྲངས་འབོར་ཉུང་དུ་ག་ཚོད་སོང་བ་དེའི་ཚོད་ཀྱིས་བོད་ཀྱི་རྩ་ཆེ་བའི་རིག་གནས་རྣལ་མ་ཇི་བཞིན་ཤེས་མཁན་གྱི་མི་འབོར་ཉུང་ནས་ཉུང་དུ་འགྲོ་བཞིན་པ་ནི་ཧ་ཅང་ཕངས་སེམས་སྐྱེ་དགོས་པ་ཞིག་ཏུ་གྱུར་ཡོད་པ་རེད།།
{jcomments on}