ཞི་བདེའི་གཟེངས་རྟགས་བཞེས་ནས་ལོ་༢༡ འཁོར་བའི་དུས་དྲན།
དེ་རིང་བོད་མི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་༧གོང་ས་མཆོག་ལ་ཞི་བདེའི་གཟེངས་རྟགས་ཐོབ་ནས་ལོ་༢༡ འཁོར་བའི་དུས་དྲན་ཡིན་པར་བརྟེན། དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་གཞུང་མང་གཉིས་ནས་སྲུང་བརྩི་ཞུས་ཡོད་པ་རེད།
དེ་ཡང་ཐོག་མར་རྡ་སྟེང་བོད་ཁྱིམ་སློབ་ཕྲུག་ནས་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་འབུལ་སྐབས་བཀའ་བློན་ཁྲི་ཚབ་ཚེ་རིང་དོན་གྲུབ་མཆོག་གིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་གནང་བ་དང་། དེ་ནས་ཐང་སྟོང་གླུ་གར་ཚོགས་པས་ནོ་བེལ་ཞི་བདེའི་གཟེངས་རྟགས་ཀྱི་བསྟོད་དབྱངས་མཉམ་གཞས་ཕུལ་ཡོད་པ་རེད།
དེ་རྗེས་གཞུང་ཞབས་འདེམས་ལྷན་དྲུང་ཆེ་སྣང་ས་ཆོས་སྒྲོན་ལགས་ཀྱིས་སྲི་ཞུ་བ་བགྲེས་ཡོལ་ཕེབས་མི་རྣམ་པ་ངོ་སྤྲོད་དང་འབྲེལ་བཀའ་བློན་ཁྲི་ཚབ་མཆོག་གིས་ལེགས་སྐྱེས་གནང་བ་དང་། དེ་བཞིན་བོད་གཞུང་འཕྲོད་བསྟེན་ལས་ཁུངས་ནས་འཕྲོད་བསྟེན་ཁྱབ་ཁོངས་ཞབས་ལོ་༢༥ འཁོར་བའི་ལས་བྱེད་རྣམས་ལ་ལེགས་མཚོན་གྱི་བྱ་དགའ་གནང་ཡོད་པ་རེད།
དཔེ་དེབ་གསར་པ་ཁག་ཅིག་བཀའ་བློན་ཁྲི་ཚབ་མཆོག་གིས་དབུ་འབྱེད་གནང་རྗེས། བཀའ་བློན་ཁྲི་ཚབ་མཆོག་གིས་བཀའ་ཤག་གི་གསུང་བཤད་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྤྱི་འཐུས་ཀྱི་གསུང་བཤད་སྒྲོགས་སྦྱང་གནང་བ་དང་། དེ་རྗེས་སློབ་གྲྭ་ཁག་ཅིག་གིས་གཞས་སྣ་འཁྲབ་སྟོན་བྱས་ཡོད་པ་རེད།
བཀའ་ཤག་གི་གསུང་བཤད་ནང་འཁོད་དོན། ད་རིང་གི་ཉིན་མོ་འདི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་ཡང་སྲུང་བརྩི་བྱེད་ཀྱི་ཡོད་མོད། བློ་ཕམ་པ་ཞིག་ལ་དེ་འདྲའི་ཉིན་མོ་ཞིག་སྲུང་བརྩི་བྱེད་འོས་པའི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་ནི་ད་བར་སུས་ཀྱང་བྱེད་ཐུབ་མེད། དུས་རབས་ཉི་ཤུ་རྩ་གཅིག་པའི་ལོ་བཅུ་ཕྲག་དང་པོ་འདས་ཟིན་ནའང་ཞི་བདེའི་གཟེངས་རྟགས་ཐོབ་པའི་སྐྱེས་བུ་མང་པོ་བཙོན་འོག་དང་། དོ་དམ། ཡང་ན་བཙན་བྱོལ་དུ་གནས་བཞིན་པའི་གནས་ཚུལ་འདི་ཁོ་ནས་ཀྱང་ད་ལྟའི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཇི་ཡོད་གསལ་སྟོན་བྱེད་ཀྱི་ཡོད། དེང་རབས་གོང་མ་ཅན་གྱི་ནུབ་ཕྱོགས་པ་དང་། དེ་དག་གི་རྗེས་འབྲང་ཡར་ཐོན་ཅན་དུ་རློམ་པའི་ཤར་ཕྱོགས་པ་བཅས་མང་པོས་མང་གཙོ་དང་། རང་དབང་། འདྲ་མཉམ། འགྲོ་བ་མིའི་ཐོབ་ཐང་སོགས་མིང་ཚིག་སྙན་པོའི་འབོད་སྒྲ་མང་པོ་སྒོ་མཛེས་པའི་རྒྱན་དུ་བདག་གིར་མཛད་ཀྱང་། དངོས་དོན་དུ་དེ་དག་ནི་དོན་གྱིས་སྟོང་པའི་ཚིག་སྐམ་ཞིག་ཏུ་ཟད་པར་སྣང་།
གཞིས་བཞུགས་བོད་མི་རྣམས་ཀྱིས་མཚོན་ད་ལྟ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཙན་འོག་ཏུ་ཡོད་པའི་མི་འབོར་ཧ་ཅང་མང་པོ་ཞིག་ལ་འགྲོ་བ་མིའི་གཞི་རིམ་གྱི་ཐོབ་ཐང་སྣ་གཅིག་མེད་པར་གདུག་སྦྱོང་མནར་གཅོད་དང་འཇིགས་སྣང་དངངས་སྐྲག་ ཁོ་ནའི་འོག་ཉིན་མཚན་འཁྱོལ་དཀའི་ངང་གནས་དང་གནས་བཞིན་ཡང་། དེ་དག་གི་ཐོབ་ཐང་བསྐྱར་གསོ་བྱ་རྒྱུའི་འདུན་པ་དང་ནུས་པ་སྟོབས་ཆེན་དུ་གྲགས་པའི་རྒྱལ་ཁབ་དང་སྒྲིག་འཛུགས་སུ་ལའང་མེད་པ་ཀུན་གྱིས་མཐོང་ཆོས་སུ་གྱུར་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་ཀྱི་ཡིག་ཆ་བདག་ཉར་བྱེད་པ་ལའང་ཁྲིམས་འགལ་ནག་ཉེས་སུ་བརྩིས་ཏེ་ལོ་མང་བཙོན་འཇུག་གི་ཉེས་ཆད་ཡོངས་གྲགས་སུ་ཕོག་ཀྱང་ཡིག་ཆ་དེ་དག་གསལ་བསྒྲགས་གནང་མཁན་གྱི་སྒྲིག་འཛུགས་ཀྱིས་བྱེད་ཕྱོགས་དེ་རིགས་ལ་སྐྱོན་བརྗོད་ཙམ་ཡང་བྱ་རྒྱུའི་སྤོབས་པ་རྙེད་མེད་པའི་དངོས་ཡོད་ཀྱི་གནས་ཚུལ་འདི་འདྲའི་འོག་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་སྲུང་བརྩི་བྱ་རྒྱུ་ནི་བཞད་གད་ཀྱི་གནས་ཤིག་ཡིན་མོད། འཇིག་རྟེན་མཐུན་འཇུག་གི་ཆོ་ག་ལྟ་བུར་ང་ཚོས་ཀྱང་སྲུང་བརྩི་ཞུ་རྒྱུ་ཡིན། ཞེས་སོགས་འཁོད་འདུག
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་ནང་འཁོད་དོན། དེ་མཚུངས་འཛམ་གླིང་ས་སྟེང་འདིའི་རྒྱལ་ཁབ་མང་པོའི་ནང་རང་རང་དབང་ཆ་སོགས་ཀྱི་འཐབ་རྩོད་ཁྲོད་མང་གཙོ་དང་། འགྲོ་བ་མིའི་ཐོབ་ཐང་། ཆོས་བྱེད་རང་དབང་སོགས་ཀྱི་འཐབ་རྩོད་པ་རྣམས་ལ་དམ་བསྒྲགས་ཀྱིས་སྡུག་སྦྱོང་གཏོང་བ་སོགས་མཚམས་འཇོག་གིས་གུ་ཡངས་དཀྱེལ་ཆེའི་ངང་རང་རང་ཁྱབ་ཁོངས་རྒྱ་ཆེའི་མང་ཚོགས་ལ་ཞི་བདེ་དང་རང་དབང་བསྐྲུན་ཐབས་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན།
ཡང་དེ་རིང་གི་གོ་སྐབས་འདི་བཟུང་ནས་ཞུ་རྒྱུར། ཉེ་ཆར་རྒྱ་ནག་དབུས་ས་གཉིས་ཀྱི་གཞུང་གིས་བོད་ནང་བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་བཀོལ་སྤྱོད་ལ་དམ་བསྒྲགས་ཆེ་རུ་བཏང་བའི་སྲིད་བྱུས་གཏན་འབེབས་བྱས་པ་དེ་ནི་འགྲོ་བ་མིའི་ཐོབ་ཐང་སྤྱི་དང་། བྱེ་བྲག་རྒྱ་ནག་འགོ་ཁྲིད་ཚོས་རང་གི་རྩ་ཁྲིམས་དང་། མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་བཅས་ལ་མངོན་སུམ་འཛེམས་མེད་ཀྱིས་རྡོག་རོལ་བཏང་བ་ཞིག་ཡིན་པ་དང་། ད་དུང་རྒྱ་ནག་ཆོས་ལུགས་ལས་དོན་ཅུས་ཀྱིས་གཏན་ལ་ཕབ་པ་ཟེར་བའི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེར་དོ་དམ་བྱེད་ཐབས་སྐོར་གྱི་ཡིག་ཨང་ ༨ པ་ཟེར་བ་གཏན་འབེབས་བྱས་པ་དེ་ནི། རྒྱ་ནག་ཆོས་མེད་སྲིད་གཞུང་གིས་བཀོད་བྱུས་ཚོད་འཛིན་འོག་ཆོས་ལུགས་ལ་དམ་བསྒྲགས་བྱ་ཐབས་ཤིག་ཡིན་པར་བརྟེན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཡིག་ཆ་དེར་ནམ་ཡང་ངོས་ལེན་བྱ་ཐབས་མེད་པའི་ནན་བཤད་བྱ་རྒྱུ་ཡིན། ཞེས་སོགས་འཁོད་ཡོད་པ་རེད།
དེ་བཞིན། ༧གོང་ས་མཆོག་ལ་ཞི་བདེའི་གཟེངས་རྟགས་ཐོབ་པའི་ཉིན་མོ་དང་བསྟུན། ཧི་མ་ལ་ཡའི་དུས་སྟོན་གོ་སྒྲིག་བྱེད་ཀྱི་ཡོད་པ་ལྟར། ཕྱི་དྲོ་དེར་ཧི་མ་ལ་ཡའི་དུས་སྟོན་སྲུང་བརྩི་དང་འབྲེལ་ས་གནས་རྒྱ་གར་ཡུལ་མིའི་གཞས་སྣ་འཁྲབ་སྟོན་བྱེད་ཀྱི་ཡོད་པ་རེད།
{jcomments on}