རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལ་བཟང་པོའི་འགྱུར་བ་ཕྱིན་མེད།

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་དཔེ་དེབ་ཁག་ཅིག་རིན་མེད་ཐོག་འགྲེམས་སྤེལ་བྱེད་བཞིན་འདུག ༧གོང་ས་མཆོག་གིས་ཞི་བདེའི་གཟེངས་རྟགས་བཞེས་ནས་ལོ་༢༡ འཁོར་བ་དང། འདི་ལོར་རྒྱ་རིགས་མང་གཙོ་དོན་གཉེར་བ་ལིའུ་ཞོ་པའོ་ལ་ཞི་བདེའི་གཟེངས་རྟགས་ཐོབ་པ་རེད། འགྲོ་བ་མིའི་ཐོབ་ཐང་ལ་བཟང་ཕྱོགས་ཀྱི་འགྱུར་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་མེད་སྐོར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཨོ་རྒྱན་བསྟན་འཛིན་ལགས་སུ་བཅར་འདྲི་བྱེད་སྐབས། urjin tenzinཁོང་གིས། “འདི་ལོར་ནོ་སྦེལ་ཞི་བདེ་ལྷན་ཚོགས་ཀྱིས་རྒྱ་ནག་གཞུང་གི་གནོན་ཤུགས་དང་སྐྱོན་བརྗོད་བྱས་མིན་ལ་མ་ལྟོས་པར་ལིའུ་ཞོ་པའོ་ལ་ཞི་བདེའི་གཟེངས་རྟགས་སྤྲད་པ་རེད། དེ་ལ་དགའ་བསུ་བྱེད་ཀྱི་ཡོད། ཡིན་ནའང་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་བཏང་མེད་པ་མ་ཟད། ཁོང་ལ་བཙོན་འཇུག་ཁྲིམས་ཐག་བཅད་པ་དང་། སྐུ་ཟླ་ཡང་བཀག་ཉར་བྱེད་ཀྱི་ཡོད་པ་རེད། དེ་བཞིན་༧གོང་ས་མཆོག་ལ་ཞི་བདེའི་གཟེངས་རྟགས་ཐོབ་ནས་ལོ་༢༡ འཁོར་བ་དང་། འཛམ་གླིང་ནང་དུ་མཛད་འཕྲིན་རྒྱས་ཡོད་པ་རེད། ༧གོང་ས་མཆོག་ལ་གདེངས་འཇོག་ཆེན་པོ་རེད། ཡིན་ནའང་བོད་ནང་དུ་ད་དུང་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གང་ཡང་ཕྱིན་མེད་པ་མ་ཟད། རྒྱ་ནག་གཞུང་གིས་དྲག་གནོན་ཤུགས་ཆེན་བྱས་ཏེ། ཉེན་ཁའི་གནས་སུ་ཡོད་པ་རེད་”ཅེས་འགྲེལ་བརྗོད་གནང་སོང་།
ཁོང་གིས་མུ་མཐུད་གསུང་དོན། “ང་ཚོའི་ཚོགས་པའི་ངོས་ནས་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་དཔེ་དེབ་འདྲ་མིན་རིན་མེད་ཐོག་འགྲེམས་སྤེལ་བྱེད་ཀྱི་ཡོད་ལ། འགྲོ་བ་མིའི་ཐོབ་ཐང་གི་གོ་རྟོགས་ཡར་རྒྱས་ལ་ཕན་པའི་རེ་བ་བྱེད་ཀྱི་ཡོད་”ཅེས་འགྲེལ་བརྗོད་གནང་སོང་།

སཱ་ར་མཐོ་སློབ་ཀྱི་སློབ་མ་ཁག་ཅིག་གིས་སློབ་གྲྭའི་དུས་དེབ་བཙོང་བཞིན་འདུག སློབ་མ་ཕུན་ཚོགས་ལགས་སུ་དཔེ་དེབ་ཚོང་འགྲེམས་སྐོར་བཅར་འདྲི་ཞུས་པར།puntso ཁོང་གིས། “མཐོ་སློབ་ཀྱིས་དེབ་མང་པོ་འདོན་གྱི་ཡོད་པ་རེད་ལ། བཙན་བྱོལ་ནང་སློབ་གྲྭ་ཁག་གི་ནང་ནས་སཱ་ར་མཐོ་སློབ་ཀྱི་དུས་དེབ་རིན་ཐང་ཆེ་ཤོས་ལྟ་བུར་བརྩི་ཡི་ཡོད་པ་རེད་མོད། དེབ་ཉོ་མཁན་ཉུང་ཉུང་རེད། གྲྭ་པ་དེ་ཚོ་ལས་སྤྱིར་བཏང་གཞོན་སྐྱེས་ཚོར་བོད་ཡིག་ལ་དོ་སྣང་དེ་ཙམ་མེད་པའི་དཀའ་ངལ་འདུག སློབ་མས་འགྲོ་སོང་བཏང་སྟེ་དེབ་འདོན་གྱི་ཡོད་པས། བཙོང་དགོས་པ་རེད། སཱ་རའི་དེབ་རེད་ཟེར་དུས་མི་མང་གིས་དོ་སྣང་བྱེད་ཀྱི་འདུག་མོད། གོང་ཆེན་པོ་རེད་འདུག་ཟེར་ནས་ཉོ་ཡི་མི་འདུག སྤྱི་ཚོགས་ནང་དེབ་ཀྱི་རིན་ཐང་མ་ཤེས་པའི་དཀའ་ངལ་ཞིག་འདུག་”ཅེས་འགྲེལ་བརྗོད་གནང་སོང་།

བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཅིག་གིས་ཡིག་ཆ་འགྲེམས་སྤེལ་དང། ས་ཡིག་བསྡུ་རུབ་སོགས་ཀྱི་ལས་འགུལ་སྤེལ་གྱི་འདུག རྡ་ས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་བསྟན་ཆོས་ལགས་སུ་བཅར་འདྲི་བྱས་པར།tenchoe ཁོང་གིས། “རྒྱ་ནག་གི་སྲིད་བློན་ཝུན་ཅཱ་པའོ་རྒྱ་གར་དུ་ཡོང་གི་ཡོད་པས། རྒྱ་གར་གྱི་སྲིད་བློན་མཱན་མོ་ཧན་སི་ལ་བོད་ནང་གི་ཆབ་སྲིད་བཙོན་པ་དང་། རྒྱ་རིགས་ཆབ་སྲིད་བཙོན་པ་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པ་རྣམས་གློད་གྲོལ་གཏོང་དགོས་པ་གླེང་སློང་གནང་རོགས་ཞེས་མི་མང་གི་ས་ཡིག་ང་ཚོས་ཕུལ་གྱི་ཡོད་པ་རེད། འདི་ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དེ་རིང་རྒྱ་རིགས་ལུའུ་ཞ་པའོ་ལ་སྤྲོད་ཀྱི་ཡོད་ནའང། ཁོང་བཙོན་འཇུག་བྱས་པ་དང། ཁོང་གིས་བཟའ་ཟླ་ཡང་བཀག་ཉར་བྱས་ཡོད་པ་རེད། གཟེངས་རྟགས་ཀྱི་མཛད་སྒོར་ཁོང་གི་ནང་མི་སུ་གང་བཅར་ཐུབ་ཡོད་པས། ལུའུ་ཞ་པའོ་གློད་གྲོལ་གྱི་ཆེད་དུ་ཡང་ལས་འགུལ་སྤེལ་གྱི་ཡོད་”ཅེས་འགྲེལ་བརྗོད་གནང་སོང།
ཁོང་གིས་མུ་མཐུད་གསུང་དོན། “ང་རང་ཚོའི་དམིགས་ཡུལ་ངོ་མ་དེ་འགྲུབ་མེད་ནའང་། ༧གོང་ས་མཆོག་གིས་ཞི་བདེའི་གཟེངས་རྟགས་བཞེས་ནས་ལོ་༢༡ འཁོར་བ་དང་། འདི་ལོར་གཟེངས་རྟགས་དེ་ལུའུ་ཞ་པའོ་ལ་ཕུལ་བ་དེས། རྒྱ་ནག་གཞུང་ལ་གནོན་ཤུགས་ཆེན་པོ་ཞིག་སྤྲད་ཀྱི་ཡོད་པ་རེད། རྒྱལ་སྤྱིས་བརྩི་བཀུར་ཞུ་སའི་གཟེངས་རྟགས་དེས་སྲིད་དབང་སྒེར་འཛིན་བྱེད་སའི་མི་མང་དང་མང་གཙོ་དོན་གཉེར་བ་ཚོར་དམིགས་བསལ་གྱིས་སེམས་ཤུགས་འཕར་རྒྱུ་རེད་”ཅེས་འགྲེལ་བརྗོད་གནང་སོང་།

དྷ་ས་ས་གནས་གཞོན་ལྷན་གྱི་རྒྱུན་ལས་བཟོད་པ་ལགས་སུ་བཅར་འདྲི་བྱས་པར། ཁོང་གིས། “དེ་རིང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་རེད། རྒྱ་ནག་གིས་ལོ་གཉིས་ཀྱི་རྗེས་ནས་སྲོག་ཐོག་གཏོང་རྒྱུ་ཐག་ཆོད་ཟིན་པའི་བོད་ཀྱི་ཆབ་སྲིད་བཙོན་པ་བརྒྱད་གློད་གྲོལ་ཡོང་ཐབས་སུ་འབད་བརྩོན་གནང་རོགས་ཞེས་རྒྱལ་སྤྱའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པར་ཆབ་སྲིད་བཙོན་པོ་ཚོའི་འདྲ་པར་ཡོད་པའི་ཤོག་བྱང་གཏོང་གི་ཡོད་”ཅེས་འགྲེལ་བརྗོད་གནང་སོང་།

ཁོང་གིས་མུ་མཐུད་གསུང་དོན། “རྒྱ་ནག་གཞུང་གིས་ཉེ་ཆར་གསར་འགོད་བསྒྲགས་སྤེལ་སྟངས་ལ་བལྟས་ན། འགྲོ་བ་མིའི་ཐོབ་ཐང་ལ་འགྱུར་ལྡོག་ལས་སླ་བོ་འགྲོ་རྒྱུ་ཁག་པོ་ཆགས་འདུག་”ཅེས་འགྲེལ་བརྗོད་གནང་སོང་།།

{jcomments on}