བགྲེས་ཡོལ་མི་གནང་བའི་གསོལ་འདེབས་ཞུ་རྒྱུ་ཡིན།

དེ་ཡང་ཚོགས་འདུ་འདིའི་ཐོག་རིས་མེད་ཆོས་སྡེ་ཆེན་པོ་དགའ་ལྡན་ཤར་བྱང་གཉིས་དང་འབྲས་སྤུངས་སྒོ་བློ་གཉིས། ས་སྐྱ། ར་སྟོད། རྙིང་མ། བཙུན་དགོན་བྱང་ཆུབ་ཆོས་གླིང་བཅས་ཀྱི་མཁན་རིན་པོ་ཆེ་རྣམ་པ་དང། ས་འཐུས་ཚོགས་གཙོ་གཙོས་རྒྱུན་ལས་རྣམ་པ། ཆོལ་གསུམ་སྐྱིད་སྡུག་གི་ས་གནས་རྒྱུན་ལས་རྣམ་པ། གྲྭ་ཚང་དང་གཞིས་གྲོང་ཁག་གི་སྤྱི་མི་དང་ཕྱག་མཛོད་དགེ་སྐོས་རྣམ་པ་སོགས་མོན་གྷོ་འདོད་རྒུ་གླིང་གི་སྐྱ་སེར་གཉིས་ཀྱི་སྐུ་ཚབ་ཚང་འཛོམས་ཐོག་༧གོང་ས་མཆོག་བགྲེས་ཡོལ་ཆ་ཚང་གནང་བཞེད་ཡོད་ཚུལ་ཐོག་ལ་བགྲོ་གླེང་གོ་བསྡུར་ལྷུག་པོར་གནང་སོང་ལ། རྩ་བའི་༧གོང་ས་མཆོག་གི་ཟླ་ཤས་རྗེས་བགྲེས་ཡོལ་ཆ་ཚང་གནང་གི་ཡིན་ཞེས་པའི་གསུང་དེའི་དགོངས་པ་ཇི་བཞིན་རྟོགས་རྒྱུར་བསམ་བརྗོད་ཀྱི་ཡུལ་ལས་འདས་པ་དེ་ལྟར་ཡང་། གསུང་དེའི་དངོས་ཀྱི་བརྗོད་དོན་ལ་བསམ་ཚེ་བློ་འཚབ་སྐྱེ་གཞི་དང་འགན་བཟོད་ཐབས་བྲལ་བར་ངོས་འཛིན་གྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཚན་ཐོག་ཏུ་བགྲེས་ཡོལ་མི་གནང་བའི་གསོལ་འདེབས་ཞུ་སྙན་ཞིག་ཕུལ་རྒྱུ་གཏན་ཁེལ་སོང་།

སྙན་ཞུ་དེ་དགའ་ཤར་མཁན་རིན་པོ་ཆེ་བྱང་ཆུབ་ཆོས་ལྡན་གྱིས་སྒྲོག་སྦྱངས་གནང་སོང་ལ་དེའི་ནང་དོན་གཙོ་བོ། རང་ཡུལ་གངས་ཅན་ལྗོངས་ཀྱི་སྣོད་བཅུད་ཡོངས་སུ་རྫོགས་པ་ནག་ཕྱོགས་རྒྱ་དམར་གྱི་ངན་གཡོའི་བཙན་དབང་ལས་ཇི་སྲིད་མ་གྲོལ་བར། དེ་སྲིད་དུ་རང་ཅག་གངས་ཅན་པ་ཡོངས་ཀྱི་དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟ་བུའི་རེ་ལྟོས་ཞུ་ཡུལ་མགོན་པོ་གང་ཉིད་ལས་གཞན་མ་མཆིས་པས། ཛ་དྲག་གི་དུས་བབས་འདིར་བགྲེས་ཡོལ་གནང་བཞེད་རྩ་བ་ནས་མི་མཛད་པར་མགོན་པོ་མཆོག་ནས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་མཛད་འགན་མུ་མཐུད་བཞེས་གནང་ཡོང་པའི་གསོལ་བ་ཕུར་ཚུགས་སུ་སྙིང་ཁོངས་རུས་པའི་གཏིང་ནས་འདེབས་པ་ལགས་ན། མགོན་པོ་མཆོག་སྐྱེ་འགྲོ་སྤྱི་དང་བོད་བསྟན་སྲིད་མི་རིགས་བཅས་ཀྱི་བླ་ན་མེད་པའི་དབུ་འཁྲིད་དུ་བཞུགས་པ་ཙམ་གྱིས་བོད་མིའི་དཀའ་སྡུག་ཇི་སྙེད་ཅིག་རང་བཞིན་གྱིས་སེལ་འགྲོ་བ་མགོན་པོ་གང་གི་ཐུགས་རྗེས་ལས་གཞན་དུ་མ་མཆིས་པ་མཐོང་ཆོས་སུ་གྱུར་པ་དེ་ལྟར་ལགས་པས། སྡུག་པའི་བུ་ལ་བརྩེ་བའི་མ་བཞིན་དུ་གུས་འབངས་རྣམས་ཚེ་རབས་ཕྲེང་བར་ཐུགས་བརྩེ་ཆེན་པོས་རྗེས་སུ་བཟུང་ནས་བླང་དོར་གྱི་བྱེད་སྒོ་ལམ་སྟོན་བཀའ་སློབ་དང་། ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་རྒྱུན་མི་ཆད་དུ་སྐོར་བཞིན་པར་གསང་གསུམ་རྡོ་རྗེའི་ངོ་བོར་རིན་ཆེན་དང་པོའི་ཁྲི་ལ་ཇི་སྲིད་ནམ་མཁའ་གནས་པ་དེ་སྲིད་དུ་བཞུགས་ནས་ཐུགས་རྗེ་ཆེན་པོའི་འཇུག་པ་དུས་ལས་མི་གཡེལ་བར་གོང་གསོལ་རེ་དོན་ཀུན་ཞལ་བཞེས་བདུད་རྩིའི་ཟེགས་མ་གུས་འབངས་རྣམས་ཀྱི་སྤྱི་བོ་བདེ་ཆེན་འཁོར་ལོའི་རྒྱན་དུ་སྨིན་སྩོལ་ཅིས་ཀྱང་ཡོང་བ་མཁྱེན་མཁྱེན་ཅེས་འཁོད་འདུག་ལ། ༧གོང་ས་སྐྱབས་མགོན་མཆོག་ལ་འབུལ་རྒྱུའི་སྙན་ཞུ་དེ་བཞིན་མོན་གྷོ་ས་གནས་མི་མང་གི་སྐུ་ཚབ་ས་འཐུས་ཚོགས་གཙོ་གུ་རུ་རྒྱལ་མཚན་ལགས་དང་ས་གནས་མཉམ་འབྲེལ་ཚོགས་གཙོ་བློ་བཟང་ཚེ་རིང་ལགས་གཉིས་ཆེད་དུ་རྡ་སར་ཕེབས་རྒྱུ་རེད་འདུག །
མོན་གྷོ་གསར་འགོད་པ་ཐུབ་བསྟན་བཀྲིས་ཀྱིས།