རྒྱལ་སྤྱིའི་ཧི་མ་ལ་ཡའི་དུས་དྲན་ཐེངས་༡༦ པ་སྲུང་བརྩི།
ཟླ་འདིའི་ཚེས་༡༠ ཉིན་རྒྱབ་ཆུ་ཚོད་༢ པར་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དུས་དྲུན་སྲུང་བརྩིའི་མཛད་སྒོ་ཞིག་འཚོགས་ཡོད་པ་དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་དང་། ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ལས་ཚབ་ཤྲཱི་རམ་རྣམ་གཉིས་ཀྱིས་སྔ་རྗེས་སུ་རྒྱ་གར་ཡུལ་མི་དང་བོད་པའི་དབར་མཛའ་འབྲེལ་སྔར་གཞིན་གནས་རྒྱུ་གལ་ཆེན་ཡིན་པ་དང་། ཕྱི་ཟླ་༡༡ ཚེས་༣༠ དགོང་མོ་མེག་གྷན་དུ་རྒྱ་གར་བའི་ཚོང་ཁང་མེ་ཤོར་སྐབས་གདུང་སེམས་མཉམ་བསྐྱེད་ཀྱིས་རོགས་རམ་བྱས་པ་སོགས་ལ་ཐུགས་རྗེ་ཆེ་ཞུས་ཡོད་པ་མ་ཟད། ལྷག་པར་དུ་བོད་པ་ཚོའི་ངོས་ནས་མེ་ཤོར་བའི་སྐབས་རོགས་ཕན་གང་ལེགས་བྱས་པར་ཐུགས་རྗེ་ཆེ་ཞེས་རྒྱ་གར་བའི་ས་ཁང་བདག་པོས་འགྲེལ་བརྗོད་བྱས་ཡོད་པ་རེད།
དེའི་སྐོར་དྷ་ས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཞོན་བསོད་ནམས་རྡོ་རྗེ་ལགས་སུ་བཅར་འདྲི་བྱས་པར། ཁོང་གིས་གསུང་དོན། ལོ་ལྟར་༧རྒྱལ་བ་རིན་པོ་ཆེ་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་བའི་ཉིན་མོར་ཧི་མ་ལ་ཡའི་དུས་དྲན་ཆེན་མོ་སྲུང་བརྩི་ཞུ་ཡི་ཡོད་པ་རེད། དེའི་དམིགས་ཡུལ་གཙོ་བོ་༧རྒྱལ་བ་རིན་པོ་ཆེར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་བའི་ཉིན་མོར་རྟེན་འབྲེལ་ཞུ་ཆེད་དང་། གཉིས་ནས་རྒྱ་གར་ཡུལ་མི་དང་བོད་པ་མཉམ་དུ་གཞས་སྣ་འཁྲབ་སྟོན་ལ་ལྟ་བ་དང་ཕན་ཚུན་ལོ་ངོ་༥༠ རིང་གི་མཛའ་འབྲེལ་ག་འདྲ་ཡིན་མིན་མཚོན་བྱེད་དུ་རེད་ཅེས་འགྲེལ་བརྗོད་བྱས་བྱུང་།
མཛད་སྒོའི་ཐོག་ཚོང་ཁང་མེ་ཤོར་བའི་བདག་པོ་བདུན་ལ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔ་སྟེ། བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་། ས་གནས་གཞོན་ནུ་ལྷན་ཚོགས། ས་གནས་བུད་མེད་ལྷན་ཚོགས། དགུ་བཅུ་གསུམ་ཚོགས་པ། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་དང་། ཨ་རི་ནས་ཕེབས་པའི་ཊོ་མི་ལགས་བཅས་ཀྱི་བསྡུ་རུབ་བྱས་པའི་ཧིན་སྒོར་༥༧༠༠༠ ཐམ་པ་དང་། དེ་རྗེས་དྷ་ས་མེག་གྷན་བོད་མིའི་ཚོང་པའི་སྐྱིད་སྡུག་གིས་བསྡུ་རུབ་བྱས་པའི་ཧིན་སྐོར་༡༡༩༠༠ ཐམ་པ་སྐུ་མགྲོན་གཙོ་བོ་མཆོག་གིས་གསོལ་རས་གནང་སོང་།
སྤྱིར་ཚོང་ཁང་མེ་ཤོར་བའི་ཕྱི་ཉིན་ལ་བོད་གཞུང་ནང་སྲིད་ལས་ཁུངས་ཀྱིས་ཚོང་ཁང་རེར་ཧིན་སྒོར་༥༠༠༠ རེ་གནང་བ་མ་ཟད། དབུས་གཞོན་ནུ་ལྷན་ཚོགས་ཀྱིས་ཧིན་སྒོར་༧༠༠༠ ཐམ་པ་ཞལ་འདེབས་གནང་ཡོད་འདུག
དེ་རྗེས་ཐང་སྟོང་གླུ་གར་ཚོགས་པ་དང་། དྷ་རམ་ས་ལའི་བལ་པོའི་ཚོགས་པ། ཡོངས་གླིང་སློབ་གྲྭ། གཏོང་ལེན་དགེ་རྩའི་རྒྱ་གར་གྱི་སློབ་ཕྲུག མེག་གྷན་ཉིན་སློབ་སོགས་ཀྱིས་གླུ་གཞས་ཁག་ཅིག་གཟིགས་འབུལ་ཞུས་ནས་མཛད་སྒོ་གྲོལ་ཡོད་པ་རེད།།
{jcomments on}