དྲང་བདེན་ལ་རྒྱལ་ཁ་ཐོབ་སོང་།
ཟླ་འདིའི་ཚེས་༡༡ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དང། ཨ་རིའི་ནང་གི་རྒྱ་བོད་ལྷན་ཚོགས་གཉིས་ཀྱི་གོ་སྒྲིག་འོག ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཀྱི་ཉིན་མོ་སྟེ་ཟླ་འདིའི་ཚེས་༡༠ ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒོ་འགྲམ་དུ་“དྲང་བདེན་ལ་རྒྱལ་ཁ་ཐོབ་སོང་”ཞེས་པའི་ལས་འགུལ་ཞིག་སྤེལ་ཡོད་པ་དང། སྐབས་དེར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འཐུས་མི་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་རི་ཆར་གྷིར་དང་འབྲེལ་ཡོད་ཀྱི་མི་སྣ། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་བསྟན་འཛིན་རྡོ་རྗེ། རྒྱ་རིགས་མང་གཙོ་དོན་གཉེར་བ་དང་ལའུ་ཞོ་པའོ་ལ་རྒྱབ་སྐྱོར་བྱེད་མཁན་སོགས་འཛུལ་ཞུགས་བྱས་ཡོད་པ་རེད།
རྒྱལ་ཚོགས་ཀྱི་སྒོ་འགྲམ་དུ་རི་ཆར་གྷིར་གྱིས། “རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་ལ་འགྱུར་ལྡོག་ཡོང་ཆེད་དུ། ཆོད་སེམས་བརྟན་པོས་ཕྱག་ལས་གནང་མཁན་ལིའུ་ཞོ་པའོ་ཡི་སྙིང་སྟོབས་ལ་ཡིད་སྨོན་བྱེད་ཀྱི་ཡོད་ལ། དེ་བཞིན་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཚོགས་པའི་བསྒྲགས་གཏམ་ནང། རྒྱལ་ཁབ་ག་འདྲ་ཞིག་དང་ནུས་སྟོབས་ག་འདྲ་ཞིག་ཡོད་མེད་ལ་མ་ལྟོས་པར། རྒྱལ་སྤྱིའི་ལས་དོན་ཁག་ལ་བརྩི་བཀུར་དང་རྒྱལ་ཁབ་རང་ཉིད་ཀྱི་ཡུལ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་དགོས་ཞེས་གསུངས་པ་བཞིན། ངེས་པར་དུ་དང་ལེན་བྱེད་དགོས་”ཞེས་གསུངས་ཡོད་པ་རེད།
ཁོང་གིས་མུ་མཐུད་“ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོའི་སྐབས། ལིའུ་ཞོ་པའོ་བཞུགས་སའི་ཞབས་སྟེགས་སྟོང་པ་ཆགས་ཡོད་པ་དེ་སེམས་སྐྱོ་དགོས་པ་ཞིག་དང། དེས་ད་དུང་ཡང་རྒྱ་ནག་གི་དཔོན་རིགས་ཚོ་འཛམ་གླིང་གི་སྤྱི་ཚོགས་འགན་ཁུར་མཁན་འཐུས་མིའི་གྲས་ནས་རྒྱང་ཐག་རིང་དུ་འགྲོ་བཞིན་ཡོད་པ་མཚོན་གྱི་ཡོད་རེད་”ཅེས། ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་རི་ཆར་གྷིར་གྱིས་གསུངས་ཡོད་པ་རེད།
བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་བསྟན་འཛིན་རྡོ་རྗེས། “ད་ཐེངས་ཀྱི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་འདི་དྲང་བདེན་དང་། མང་གཙོ་ཕྱོགས་ལ་མདུན་བསྐྱོད་བྱེད་མཁན་ཞིག་ཡིན་པ་དང་། རྒྱ་བོད་ཀྱི་མི་སྤྱི་དང་ལྷག་པར་དུ་རྒྱ་ནག་གི་དཔོན་རིགས་ཚོའི་བཀས་བཀོད་རྒྱུད་འཛིན་འོག་ནས། བཙོན་ཁང་དུ་དཀའ་སྡུག་མྱོང་བཞིན་པ་རྣམས་ལ་དྲང་བདེན་གྱི་རང་དབང་ཐོབ་རྒྱུར་ཕན་ཐོགས་ཡོད་པ་ཞིག་ཡིན་པས། ང་ལས་འགུལ་འདིའི་ནང་ཞུགས་ཏེ་ཁོང་ལ་འཚམ་འདྲི་དང་བོད་དོན་གྱི་ཆེད་དུ་ཕྱག་ལས་གནང་བར་ཐུགས་རྗེ་ཆེ་”ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།
{jcomments on}
ནིའུ་ཡོག་དང་ཧོང་ཀོང་ནང་ཡོད་པའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་འགན་འཛིན་ཧྲ་རོན་ཧོམ་གྱིས། “ལིའུ་ཞོ་པའོ་ལ་ཞི་བདེའི་གཟེངས་རྟགས་ཕུལ་པ་དེས། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་གི་སེམས་ཚོར་མཚོན་པའི་ལས་དོན་གལ་ཆེན་ཞིག་ཡིན་པ་དང། བཙོན་ཁང་གི་གྱང་བརྩེགས་མཐོན་པོ་ནས་རང་དབང་གི་སེམས་ཚོར་མངོན་ཐུབ་ཀྱི་མེད་ཀྱང། ཆབ་སྲིད་བཙན་གནོན་འདྲ་མིན་དེས་རྒྱ་ནག་དབུས་གཞུང་ཁྲིམས་མཐུན་གྱི་ཐོག་ནས་སྲ་བརྟན་དང་། ཞི་བདེ་ཡོང་ཐབས་བྲལ་བ་ཞིག་རེད་”ཅེས་སོགས་གསུང་བཤད་གནང་ཡོད་པ་རེད།