ཐའེ་ཝན་དུ་བོད་རང་བཙན་གོམ་བགྲོད།
ལས་འགུལ་དེའི་སྣེ་འཁྲིད་མཁན་གཙོ་བོ་སྐུའི་གཅེན་པོ་སྟག་འཚེར་རིན་པོ་ཆེའི་སྲས་འཇིགས་མེད་ནོར་བུ་དང་། ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བཀྲ་ཤིས་ཚེ་རིང་གིས་གཙོས་པའི་ཁྱོན་མི་༨ མཉམ་ཞུགས་བྱས་ཡོད་འདུག ལམ་བར་དུ་ལས་འགུལ་དེའི་ནང་མཉམ་ཞུགས་བྱེད་མཁན་མང་དུ་འགྲོ་བཞིན་ཡོད་ཅིང་། དངུལ་གྱི་ཞལ་འདེབས་སྤྲོད་མཁན་སོགས་ཀྱང་ཡོང་གི་ཡོད་འདུག ཁོང་ཚོས་ཉིན་གྲངས་༡༤ ཙམ་གྱི་རིང་ལ་ཐའེ་ཝན་གྱི་རྫོང་ཁག་མི་འདྲ་བ་བཅུའི་ནང་དུ་འགྲོ་རྒྱུའི་འཆར་གཞི་ཡོད་པ་མ་ཟད། ལམ་བར་དུ་མཐོ་སློབ་ཁག་བཞི་ཙམ་གྱི་ནང་དུ་བོད་དོན་དང་འབྲེལ་བའི་གཏམ་བཤད་བྱེད་བཞིན་མཱ་ལེ་༢༥༠ ལྷག་གི་སར་གོམ་བགྲོད་བྱེད་འཆར་ཡོད་པ་རེད།།